༄༅། །ཕྱི་ལོ་༢༠༡༩ ལོའི་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོ།
༄༅། །ཕྱི་ལོ་༢༠༡༩ ལོའི་ཆོས་སྡེ་ཆེན་པོ་དཔལ་ནཱལནྡཱ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོ་འཚོགས་གནང་བ།
ལོ་བསྟར་ཆགས་སུ་བོད་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོ་འཚོངས་བཞིན་པ་དེ་ད་ལོར་ཡང་བོད་རྒྱལ་ལོ་༢༡༤༦ ཟླ་བ་ ༡༢ ཚེས་ ༢༦ དང་། ཕྱི་ལོ་༢༠༢༠ ལོའི་ཟླ་ ༢ ཚེས་ ༡༩ རེས་གཟའ་ལྷག་པའི་དགོང་མོར་ཆོས་སྡེ་ཆེན་མོ་དཔལ་ནཱལནྡཱ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྔར་སྲོལ་བཟང་པོ་ལྟར་འདི་ལོའི་དགེ་བཤེས་ལྷ་རམས་པ་རྣམས་མཚན་ཕུད་དམ་བཅའ་འཇོག་གནང་མཛད་ཡོད། ལོ་འདིར་དགེ་ལྡན་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནས་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་ཉི་ཤུ་རྩ་བདུན་ཐོན་ཡོདཔ་དེ་དམ་བཅའ་བཞུགས་པ་དང་འཇང་དགུན་ཆོས་ལ་ཕེབས་མཁན་རྣམས་ཀྱིས་རྟགས་བསལ་གཏོང་གནང་མཛད་དགོས།
ས་སྲོད་ཙམ་དུ་ཆོས་རའི་དྲིལ་ཆེན་རྡུང་བ་དང་བློ་གླིང་སྤྲུལ་པའི་གཙུག་ལག་ཁང་ཆེན་མོའི་འདུ་ཐང་རྡོ་གཅལ་སྟེང་དུ་གྲྭ་མང་འདུ་འཛོམས་གནང་། དེ་ཡང་དབུ་བཞུགས་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་དཔལ་བཟང་པོ་མཆོག །བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག ། བློ་གླིང་མཁན་ཟུར་རིན་པོ་ཆེ་ཁྱབ་བདག་བཀའ་འགྱུར་བ་རྗེ་བཙུན་རྟོགས་ལྡན་སྤྲུལ་སྐུ་དཔལ་བཟང་པོ་མཆོག །རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་མཐུ་སྟོབས་མགོན་པོ་དཔལ་བཟང་པོ་མཆོག་དབུས་མཁན་ལས་ཟུར་རྣམ་པ། བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཡེ་ཤེས་ཆོས་འཕེལ། དབུ་མཛད་ཀོང་པོ་དགེ་བཤེས་གཙུག་ལག་རྒྱ་མཚོ། ཁྲིམས་བདག་དགེ་བསྐོས་ཕུ་ཁང་དགེ་བཤེས་བྱང་ཆུབ་ངག་དབང་། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་འདུས་མང་བཅས་ཆོས་ཀྱི་དགའ་ལ་གདན་འཛོམས་ནས། དབུ་མཛད་ལགས་ནས་འཇམ་དཔལ་མཚན་བརྗོད་དབུ་སྐུལ་གནང་སྟེ། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་པའི་མཚམས་སུ་བླ་མ་གཞུང་ལེན་པས། རྟགས་བསལ་གཏོང་དགོས་པའི་བརྡ་གནང་བ་དང་ལོ་རྗེས་མའི་ལྷ་རམས་པ་ཞིག་ནས་ཆོས་གོས་མནབས་པ་དང་རྩེ་ཞྭ་བསྣམས་ཏེ་རྣམ་འགྲེལ་གྱི་རྩ་བའི་གཞུང་ཚན་རྣམས་ངག་ལ་སྐྱོར་བཞིན་གདོང་གྲལ་དཀྱིལ་ནས་ཡར་མར་ཕེབས་ཏེ་སྐྱོར་གྲུབ་པ་དང་རྟགས་བསལ་འཛུགས་དགོས། འདི་ལོར་ལོ་རྗེས་མའི་ལྷ་རམས་པ་ཏྲེ་ཧོར་དགེ་ལེགས་རྒྱལ་མཚན་གྱིས་སྐྱོར་གནང་མཛད། འཛིན་གྲྭ་རྒན་རིམ་ནས་རྟགས་བསལ་གཏོང་། འཛིན་གྲྭ་སོ་སོས་རྟགས་གསལ་དུས་ཡུན་ཇི་ཙམ་གཏོང་དགོས་མིན་བླ་མ་གཞུང་ལེན་པས་ཚོད་འཛིན་གནང་། དམ་བཅའ་ཆེན་པོར་འཛིན་གྲྭ་སོ་སོས་རྟགས་གསལ་གཏོང་བ་དང་མཚམས་རེར་དཔེ་ཁྲིད་དགེ་རྒན་དང་མཁས་དབང་དགེ་བཤེས་རྣམས་ཀྱིས་རྟགས་གསལ་སྒྲུབ་གནང་མཛད། མཚན་ཕུད་དམ་བཅའ་ལ་སྦྱིན་བདག་ཁག་གིས་གསོལ་ཇ་བཞེས་བག་དང་། བཞེས་ཐུག་སྐུ་འགྱེད་བཅས་འབུལ་བ་དང་། མཇུག་ཏུ་སླར་ཡང་གོང་གི་དགེ་བཤེས་དེས་ཚིགས་བཀྲ་སྐྱོར་གྲུབ་རྗེས། འཇམ་དཔལ་མཚན་བརྗོད་འདོན་འཕྲོ་བསྐྱངས་ཏེ་དགེ་བསྔོ་དང་འདུས་མང་གིས་དྷི༔སྐད་བརྒྱབས་ཏེ་ཆུ་ཚོད་༡༡–༣༠ ཙམ་ལ་མཚན་ཕུད་དམ་བཅའ་ཆེན་མོ་གྲོལ།