༄༅། །ཕྱི་ལོ་ ༢༠༡༩ ལོའི་ཆོས་སྡེ་ཆེན་མོ་དཔལ་ན་ལེནྡྲ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་བྱས་སོང་།
བོད་རྒྱལ་ལོ་༢༡༢༦ ཟླ་བ་ ༦ ཚེས ༡༦ དང་། ཕྱི་ལོ་༢༠༡༩ ལོའི་ཟླ་ ༦ ཚེས་༡༦ ནས་དབུ་ཚུགས་ཏེ་ཆོས་སྡེ་ཆེན་མོ་དཔལ་ན་ལེནྡྲ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བྱས་ཡོད་པ་རེད། གོང་ཚེས་༡༦ ནས་ཉིན་གསུམ་རིང་བློ་རྒྱུགས་ཆེན་མོ་བྱས་ཡོད་པ་དང་། བློ་རྒྱུགས་ནི་སློབ་གཉེར་བ་རེ་རེ་རྒྱུགས་ཞིབ་པ་གཉིས་ཀྱི་དྲུང་དུ་བསྡད་དེ་རྒྱུགས་ཞིབ་པས་རྒྱུགས་འབུལ་བའི་གཞུང་ཚན་དེ་ལས་ཚིག་སྣེ་གང་ཞིག་བཟུང་ཚེ་དེ་ནས་བློ་འདོན་བྱེད་དགོས་པ་ཡིན། དེ་ལ་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དབུས་བླ་མ་གཞུང་ལེན་པ།ཁྲིམས་བདག་དགེ་བསྐོས་མཆོག་དང་ཆབ་རིལ།ཕྱག་མཛོད་ཁྲི་པ།རྒྱུགས་ཞིབ་ལྷན་ཚོགས་ཁག་གིས་སྐོར་གཡེང་བྱས་ནས་གཟིགས་ཞིབ་གནང་གི་ཡོད།
ཚེས་༢༠ ནས་རྩོད་རྒྱུགས་ཆེན་མོ་དབུ་འཛུགས་བྱས་ཏེ་ཚེས་༢༤ ཉིན་རྩོད་རྒྱུགས་གྲུབ་ཡོད། དེ་ཡང་ཉིན་རེར་ཚོགས་ཐུན་སྔ་དགོང་ཕྱི་གསུམ་དང་ཚོགས་ཐུན་རེར་ཆུ་ཚོད་གསུམ་རེ་བྱས་ཏེ་རྒྱུགས་འབུལ་སར་ཕེབས་དགོས། བློ་གླིང་རྒྱུགས་སྤྲོད་དོ་དམ་ཁང་ངམ་རྒྱུགས་ཞིབ་ལྷན་ཚོགས་ཀྱི་བཀོད་སྒྲིག་དང་སྟངས་འཛིན་གྱི་འོག་ཏུ་རྒྱུགས་འབུལ་ཞུ་དགོས་པ་ཡིན། རྟགས་རིགས་འཛིན་གྲྭ་ནས་མཛོད་འཛིན་གྲྭ་གཉིས་པའི་བར་འཛིན་གྲྭ་ཁག་བཅུ་དྲུག་ཡོད་པ་རྣམས་སྡེ་ཚན་བརྒྱད་ལ་ཆ་བགོས་བྱས་ཏེ་རྒྱུགས་བཤེར་པ་བཞིའི་མདུན་དུ་རྟགས་བསལ་སྐར་མ་བཅོ་ལྔ་དང་།ལན་སྐར་མ་བཅོ་ལྔ་འདེབས་པའི་བརྒྱུད་རིམ་ལས་རྒྱུགས་ཞིབ་པ་རྣམས་ཀྱིས་ཐོབ་སྐར་འབུལ་དགོས།
ད་ལོར་རྒྱུགས་འབུལ་མཁན་སློབ་གཉེར་བ་ཡོངས་ཞལ་གྲངས་༡༤༥༠ ཆིག་སྟོང་བཞི་བརྒྱ་ལྔ་བཅུ་ཡོད་པ་དང་། གསང་སྔགས་རྒྱུགས་ཞུགས་པ་རྣམས་ལ་རྩོད་བྲིས་གཉིས་ཡོད་ཅིང་། གཞན་སློབ་གཉེར་བ་རྣམས་ཀྱིས་བློ་རྩོད་བྲིས་གསུམ་གྱི་རྒྱུགས་ལ་ཞུགས་ཏེ་རྒྱུགས་སྤྲོད་འབུལ་ལམ་ཞུས་ཡོད། བསྡུས་གྲྭ་འཛིན་གྲྭ་གང་ཡོད་རྒྱུགས་སྤྲོད་ལ་ཞུགས་མི་དགོས། རྒྱུགས་སྤྲད་ཟིན་རྗེས་སློབ་གཉེར་བ་ལྷན་འཛོམས་ཐོག་༧ སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་མཆོག་གིས་སློབ་གཉེར་གནང་ཕྱོགས་སྐོར་དང་རྒྱུགས་སྤྲོད་ཐོག་དམིགས་བསལ་བཀའ་སློབ་གནང་བ་དང་། དཔལ་ལྡན་ཁྲིམས་བདག་དགེ་བསྐོས་དགེ་བསྐོས་བསྟན་འཛིན་བསམ་འཕེལ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་རྩོད་རྒྱུགས་གྲོལ་ཡོད་པ་དང་།
རིམ་བཞིན་ཕྱི་ཟླ་༩ པའི་ཚེས ༣ལ་དགེ་བཤེས་གསང་སྔགས་ལ་སློབ་གཉེར་བ་རྣམས་ཀྱིས་གསང་སྔགས་རྒྱུགས་སྤྲོད་ཆེན་མོ་དང་།ཕྱི་ཟླ་༩ཚེས༡༧ཉིན་རྟགས་རིགས་འཛིན་གྲྭ་ནས་མཛོད་འཛིན་གྲྭའི་བར་སློབ་གཉེར་བ་རྣམས་ཀྱི་བྲིས་རྒྱུགས་ཆེན་མོ་བྱེད་དགོས་པ་ཡིན།
དེ་ནས་ཟུར་རྒྱུགས་ཀྱང་བཀའ་པོད་ལྔའི་རྩ་བ་དང་། པཎ་ཆེན་སྤྱི་མཐའ་དཔྱོད། རྩ་ཤེར་ཊིཀ་ཆེན། དྲང་ངེས་ལེགས་བཤད་སྙིང་པོ། དབུ་མ་རིགས་ཚོགས་དྲུག ། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་ཆེན་པོ་སོགས་སློབ་གཉེར་བ་རྣམས་ཀྱིས་བློ་ལ་བཟུང་སྟེ་ཟུར་རྒྱུགས་གང་འདྲ་ཞིག་འབུལ་རྒྱུ་ཡོད་པ་རྣམས་ཀྱང་རྒྱུགས་བཞེས་ཏེ་ཕྱིས་སུ་རྒྱུགས་སྤྲོད་བྱ་དགའ་སྐབས་གཟེངས་བསྟོད་གནང་གི་ཡོད།