ཕྱི་ལོ༢༠༡༩/༦/༢༦/ཉིན་ཨ་རི་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཟབ་སྦྱོང་ད་ལོའི་དབྱར་ཁའི་གུང་གསེང་དང་སྟབས་སྟུན་ཟླ་བ་གཅིག་གི་རིང་སྒོ་བློ་གཉིས་དང་། རྭ་སྟོད། ས་སྐྱའི་དགེ་འདུན་པ་བཅས་ལ་ཚན་རིག་གི་ཟབ་སྦྱོང་གནང་བ།
༄༅། །རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་ཆེན་པོ་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་དགོངས་གཞི་བླ་ན་མེད་པའི་འོག་ཨ་རི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་དང་། ཨ་རི་ཨེ་མོ་རི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་ཀྱིས་ཐུགས་འགན་རྒྱ་ཆེར་བཞེས་ཏེ་གདན་ས་ཁག་ལ་བོད་ཀྱི་ཚན་རིག་ལས་རིམ་གྱི་ཟབ་སྦྱོང་གནང་བཞིན་པ་ལྟར། ཕྱི་ལོ༢༠༡༩/༦/༢༦/ཉིན་ཨ་རི་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཟབ་སྦྱོང་ད་ལོའི་དབྱར་ཁའི་གུང་གསེང་དང་སྟབས་སྟུན་ཟླ་བ་གཅིག་གི་རིང་སྒོ་བློ་གཉིས་དང་། རྭ་སྟོད། ས་སྐྱའི་དགེ་འདུན་པ་བཅས་ལ་ཚན་རིག་གི་ཟབ་སྦྱོང་གནང་ཡོད་པ་དང་། བློ་གསལ་གླིང་ནས་དགེ་འདུན་པ་ཞལ་གྲངས་༢༩༨ དང་། སྒོ་མང་ནས་དགེ་འདུན་པ་ཞལ་གྲངས་ ༢༣༥ ། རྭ་སྟོད་ནས་དགེ་འདུན་པ་༢༠ ། ས་སྐྱ་ནས་དགེ་འདུན་པ་ཞལ་གྲངས་༦ བཅས་ཁྱོན་བསྡོམས་༥༥༩ ཐམ་པ་ལ་དགེ་རྒན་བཞི་བཅུ་དང་། བཙུན་མ་དགེ་རྒན་༥། སྐད་སྒྱུར་བ་༣། གདན་ས་ཁག་ལ་ཨ་རི་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་ཁང་ནས་དགེ་རྒན་༡༢༠ ཙམ་གྱིས་ཚན་རིག་གི་སློབ་ཁྲིད་ཟབ་སྦྱོང་གནང་ཡོད་པ་རེད། དེ་དང་མཉམ་དུ་བློ་གླིང་གྲྭ་ཚང་གི་མཐུན་རྐྱེན་འོག་རིས་མེད་བཙུན་དགོན་ཁག་གི་བཙུན་མ་ཞལ་གྲངས་ཞེ་གསུམ་དང་། སློབ་གྲྭ་བ་ཞལ་གྲངས་སུམ་ཅུ་ལྷག་ལ་ཚན་རིག་ཟབ་སྦྱོང་གི་གོ་སྒྲིག་གནང་ཡོད་པ་དང་། ཨ་རི་ཨེ་མོ་རི་སློབ་གྲྭ་བ་ཉི་ཤུ་ལྷག་ལ་ནང་ཆོས་ཀྱི་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་དང་། སྒོམ་སྒྲུབ་ཉམས་ལེན་སྐོར་གྱི་ཟབ་ཁྲིད་དང་སྒོམ་སྒྲུབ་སྐོར་གྱི་ཉམས་ལེན་ཡང་གནང་ཡོད། ཨ་རིའི་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་འོག་དཔལ་ལྡན་འབྲས་སྤུངས་སུ་གྲྭ་ཚང་གཉིས་ཟུང་འབྲེལ་གྱིས་ཚན་རིག་གི་ཟབ་སྦྱོང་ལོ་དྲུག་གི་རིང་བློ་གླིང་སྒོམ་སྒྲུབ་ཚན་རིག་ལྟེ་གནས་ཁང་དུ་ཚན་རིག་ཟབ་སྦྱོང་ལེགས་པར་གྲུབ་རྗེས། གྲྭ་ཚང་གཉིས་ཀྱི་སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ཚན་རིག་ཟབ་སྦྱོང་ཚོགས་དགོས་པའི་དམིགས་ཡུལ་དང་དགོས་པ་ངོ་སྤྲོད། ཕྱག་མཛོད་ཁྲི་པ་རྣམ་པ་གཉིས་ཀྱིས་ཚན་རིག་ཟབ་སྦྱོང་གི་དགེ་རྒན་རྣམ་པ་དང་སྐད་སྒྱུར་བ་རྣམ་པ། སློབ་གཉེར་བ། ལས་བྱེད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཉིན་ཐ་མའི་མཛད་སྒོ་གྲོལ་ཡོད་པ་རེད།