བདག་ཅག་རྣམས་ཀྱི་འདྲེན་པ་བླ་ན་མཆིས་པ་ཆེན་པོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ཉིན་མོ་བསུ།
༄༅། །ཕྱོགས་བཅུའི་རབ་འབྱམས་ཞིང་གི་རྒྱལ་བ་མ་ལུས་པའི་སྙིང་རྗེའི་རང་གཟུགས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པོ་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། གངས་ཅན་བོད་ཀྱི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་གཟུགས་སུ་བྱོན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་དང་བོད་མིའི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་སྐྱེ་འགྲོ་རྣམས་ལ་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་སྟོན་པ་ཆེན་པོ་བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟ་བུ་འགྲོ་བ་ཀུན་ལ་མ་གཅིག་བུ་ལྟར་བྱམས་དང་བརྩེ་བའི་བདག་ཉིད་ཅན་གྱི་བླ་ན་མེད་པའི་འདྲེན་པ་ཆེན་པོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གཟུགས་སྐུ་མཚན་དཔེའི་གསལ་རྫོགས་ཉེ་བར་བལྟམས་ནས་ཕྱི་ལུགས་ལྟར་དགུང་གྲངས་༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ཉིན་མོར། འཛམ་གླིང་ཁྱོན་ཡོངས་ཀྱི་ཞི་བདེ་ལ་མོས་པའི་སྐྱེ་དགུ་གྲངས་མེད་ཀྱིས་༸གང་གི་གསང་གསུམ་གྱི་མཛད་འཕྲིན་ལ་བསྟོད་པའི་ཤིས་ཚིག་གི་མེ་ཏོག་ཅི་དགར་སྟོར་བའི་དུས་བཟང་ལ། རྒྱ་གར་ལྷོ་ཕྱོགས་དཔལ་ནཱ་ལནྡ་གཉིས་པ་གྲགས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གི་མཁན་བླ་འདུས་མང་ཡོངས་ཀྱིས་སོར་བཅུའི་ཐལ་མོ་སྙིང་ཁར་ཟུམ་སྟེ་སྒོ་གསུམ་གུས་པ་ཆེན་པོས་འཚམས་འདྲིའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ་བ་དང་། ༸ མགོན་པོ་གང་ཉིད་འཇིག་རྟེན་སྤྱི་དང་ཡང་སྒོས་རང་ཅག་ཁ་བ་གངས་ཅན་པའི་མགོན་དཔུང་དམ་པར་སྐུ་ཚེ་སངས་རྒྱས་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཞིང་། བསྟན་པ་དང་འགྲོ་བའི་སླད་དུ་ཐུགས་ཀྱི་དགོངས་བཞེད་ཟབ་མོ་མཐའ་དག་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་ཤུགས་དྲག་དང་བཅས།
གུས་སྐྱབས་འོག་པ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས། ཕྱི་ལོ་༢༠༢༠ ལོའི་ཟླ་བ་༧ ཚེས་ ༦ ༸མགོན་པོ་གང་གི་འཁྲུངས་སྐར་ཉིན་གུས་པ་ཆེན་པོས་ཕུལ།། །།
༈ བདག་ཅག་རྣམས་ཀྱི་འདྲེན་པ་བླ་ན་མཆིས་པ་ཆེན་པོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ཉིན་མོ་བསུ།
༸ གང་སྐུ་མཚན་དཔེའི་སྐུ་ཡི་མེ་ཏོག་གངས་རི་ལྷུན་པོའི་ཕང་བ་ནས།།
མངོན་པར་འཕགས་པའི་ཉ་གང་ཟླ་བ་ལང་མཚོའི་དཀྱིལ་འཁོར་འཛུམ་པའི་མོད།།
ཡ་མཚན་འབུམ་གྱི་ངོ་མཚར་གཏམས་ཤིང་དགེ་མཚན་བླ་ན་འབར་བ་ན།།
བསིལ་ལྡན་ཞིང་ཁམས་གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་ཡིད་མཁའ་དགའ་བདེས་བརླན།།
ལྷ་ལྡན་དག་པའི་གྲུ་འཛིན་གཉིས་པའི་བརྗིད་ཆགས་ཡིད་འོང་ཕོ་བྲང་དུ།།
གདོང་ལྔ་འབར་བའི་གསེར་གྱི་ཁྲི་ལ་ཞབས་ཟུང་འཁོར་ལོའི་རི་མོ་བཀོད།།
མདོ་དང་རྒྱུད་སྡེའི་ལེགས་བཤད་གསུང་ལ་རྣམ་དཔྱོད་བློ་གྲོས་འཇུག་པའི་མོད།།
སྐྱེས་སྦྱགས་གོམས་པའི་མཁྱེན་རབ་རྣོན་པོ་ཉི་ཟླའི་འོད་སྣང་དཔལ་ལ་འགྲན།།
གངས་རིའི་ལྷ་སྐལ་གྲུ་འཛིན་མགོན་དེས་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས།།
རིང་ནས་མི་འབྲལ་ཐུགས་བསྐྱེད་ཟབ་མོ་རིང་མོ་ཉིད་ནས་སྐྱོང་བཞིན་དུ།།
ལུགས་བཟང་གསེར་གྱི་རྩིབས་སྟོང་འབར་བ་ལུགས་གཉིས་དཔལ་གྱི་འཁོར་ལོ་ཆེ།།
རྨད་བྱུང་དགེ་མཚན་འབུམ་དུ་འཁྱིལ་བའི་རྨད་པོ་ས་རིས་འོད་སྣང་བཀྲ།།
གངས་ཅན་པ་རྣམས་བསོད་ནམས་ཆུ་གཏེར་དགུན་ཟླའི་འཁྱགས་རམ་ཀློང་དུ་ཞ།།
ལས་སྨོན་རྒུད་པའི་སྣོད་བཅུད་ཆ་ལག་མུན་པའི་དཔུང་གིས་བཅིལ་བའི་འཕྲུལ།།
གཡོ་བ་མེད་ཅིང་བཟློག་མེད་ལས་རླུང་དྲག་པོས་བཙན་གྱིས་བཙིར་བ་ན།།
མ་སྨད་ཐུགས་བསྐྱེད་རླུང་གིས་ལམ་སྟོན་སྒྲོན་མེས་འོད་སྣང་སྟེར།།
ཁམས་གསུམ་འགྲོ་ལ་ཡེ་ཤེས་སྤྱན་མི་མངོན་དབྱིངས་ཀྱི་མཐོངས་ལྟར་ཡངས།།
གཞན་ཕན་མཛད་བཟང་འཕྲིན་ལས་སྣུམ་པོ་དྲི་བསུང་ཕྱོགས་ཀུན་འཐུལ་བ་ཡི།།
ཞི་བདེ་གསེར་གྱི་གྲུ་ཆར་བསིལ་མས་གོ་ལ་ཟླུམ་པོར་བདེ་དྲོད་བྱིན།།
ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་མེད་རྔ་ཆེན་འཛམ་གླིང་ཁྱོན་ལ་བསྒྲགས།།
རྨད་བྱུང་དགེ་ལེགས་དཔལ་དུ་འཆར་བའི་གསང་གསུམ་མཛད་བཟང་འཕྲིན་ལས་སྨིན།། འགྲོ་ཁམས་མོས་རྒྱ་མཚོའི་ཀློང་ན་ཉིན་བྱེད་འབར་བའི་སྲིད་པའི་མིག །
ཕན་བདེའི་དྲི་བསུང་ཕྱོགས་ཀུན་འཐུལ་བའི་དཔག་བསམ་ལྗོན་བཟང་དབང་པོ་ཉིད།། བྱམས་བརྩེ་རྒྱ་མཚོ་གཞན་ཕན་རླབས་རིས་རྟག་ཏུ་འཕྱུར་བའི་རྩེད་འཇོ་རྒོད།།
འཇམ་དཔལ་སྙིང་པོའི་རིང་ལུགས་སྨྲ་བར་ངག་གི་དབང་པོའི་འགྱུར་ཁུག་སྙན།།
བློ་ཆེན་རྒྱལ་བའི་ལུགས་བཟང་འཆང་བའི་སྐྱེས་སྦྱངས་རྣམ་དཔྱོད་མཁའ་ལ་འཕྱོ།།
ཡེ་ཤེས་འཕྲིན་ལས་བཟང་པོའི་འོད་སྣང་འགྲོ་ཁམས་མོས་པ་རྒྱ་མཚོ་བསྐྱིལ།།
ཐུབ་བསྟན་ལུང་རྟོགས་སྙིང་འཛིན་ལ་རྒྱ་ཆེར་རོལ་མཚོ་མངོན་པར་འཕགས།།
སྲིད་པ་གསུམ་ན་དྲེགས་པ་ཀུན་གྱི་ཐོར་ཅོག་རལ་པའི་གཙུག་ན་མཛེས།།
བྱང་ཆུབ་སེམས་དང་ཡང་དག་ལྟ་བས་རློམ་པའི་ཁེངས་རྣམས་དབང་དུ་བསྒྱུར།།
མཚུངས་པ་བསྟན་ལ་འགྲན་ཟླ་དབེན་པའི་བྱམས་དང་བརྩེ་བའི་འོད་སྣང་གིས།།
ཛམ་བུ་ཆུ་བོའི་འགྲམ་ལ་བརྡལ་བའི་སྐྱེ་དགུའི་ཡིད་མཁར་དགའ་བདེ་བསྐྲུན།།
འཁྲུངས་སྐར་བཀྲ་ཤིས་ལྷ་ཉིན་དཀར་པོ་གླིང་འདིའི་ཁྱོན་ལ་འཆར་བའི་ཚེ།།
སྒོ་གསུམ་དད་པའི་རླུང་གིས་སྐུལ་བའི་བསྟོད་པའི་དབྱངས་ཀྱི་སྙན་པ་ཆེ།།
གཞིས་བྱེས་བྷོ་ཊའི་སྤུན་ཟླའི་སྙིང་ཁར་གཟི་འོད་འབར་བའི་རིན་བྲལ་ནོར།།
གངས་རིའི་མགོན་ཁྱེད་སྐུ་ཚེ་མི་གཞིག་ཞོ་འཐུང་རུས་པའི་གཤིས་སུ་བརྟན།།
མདོར་ན་འགྲོ་ལ་དགོས་འདོད་ཀུན་འབྱུང་ཁྱེད་ནི་དཔག་བསམ་ལྗོན་བཟང་དངོས།།
ལྟ་གྲུབ་མི་གཅིག་ཆོས་ལུགས་ཀུན་ལ་ཁྱེད་ནི་ལྷག་པའི་ལྷ་མཆོག་ཉིད།།
འཛམ་གླིང་སྐྱེ་འགྲོ་མཆོག་དམན་ཀུན་གྱིས་ཁྱེད་ལ་བསྟོད་ཚིག་ཁྲི་མ་འབུམ།།
དབྱགས་རྟའི་རྒྱུད་མངས་འགྱུར་ཁུག་སྙན་མོ་སྙན་མོ་བར་སྣང་མཐོངས་སུ་ཤོང་ནུས་མིན།།
བློ་གསལ་བྱེ་བ་འདུས་མང་ཁྱུ་ཚོགས་དད་གསུམ་འདབ་མ་རབ་གཡོས་ཏེ།།
སྤྲིན་བྲལ་མཁའ་ལ་ཟླ་བ་འཆར་འདྲ་མི་ཕྱེད་དད་པའི་གདུང་ཤུགས་ཀྱིས།།
བསྟོད་པའི་དབྱངས་སྙན་མཆོད་པའི་སྤྲིན་ཕུང་ཟེགས་མ་འབུམ་ཕྲག་འཕྱོ་བ་འདིས།།
སྐུ་ཚེ་མི་ཤིགས་གཞོམ་གཞིག་བྲལ་ཞིང་བཞེད་དགོངས་ཟབ་མོ་སྨོན།།