རྒྱ་གར་དབུས་གཞུང་དང་ཀ་ན་ཊ་མངའ་སྡེ་གཞུང་། དབུས་བོད་མིའི་སྒྲིག་འཛུགས། མོན་གྷོ་བོད་མིའི་གཞིས་ཆགས་དང་ས་གནས་རྒྱ་གར་ཡུལ་མི་ཉམ་ཐག་དང་ས་གཞན་གྱི་རྒྱ་གར་ཡུལ་མི་ཉམ་ཐག་རྣམས་ལ་ཛ་དྲག་གི་ཕན་སྦྱིན་ཞལ་འདེབས་དང་རོགས་རམ་གྱི་ལས་འགུལ་གནང་བ།
༄༅། །དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་གིས་རྒྱ་གར་དབུས་གཞུང་དང་ཀ་ན་ཊ་མངའ་སྡེ་གཞུང་། དབུས་བོད་མིའི་སྒྲིག་འཛུགས། མོན་གྷོ་བོད་མིའི་གཞིས་ཆགས་དང་ས་གནས་རྒྱ་གར་ཡུལ་མི་ཉམ་ཐག་དང་ས་གཞན་གྱི་རྒྱ་གར་ཡུལ་མི་ཉམ་ཐག་རྣམས་ལ་ཛ་དྲག་གི་ཕན་སྦྱིན་ཞལ་འདེབས་དང་རོགས་རམ་གྱི་ལས་འགུལ་གནང་བ།
ཀུན་གྱིས་དགོངས་པར་མངའ་གསལ་ལྟར། རྒྱ་ནག་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་བྱུང་བའི་ཏོག་དབྱིབས་ནད་ཡམས་དེ་ད་ཆར་འཛམ་གླིང་ཁྱོན་ལ་ཁྱབ་ནས་ཉིན་རེ་ལས་མ་འདས་པར་དཀའ་ཉེན་ཇེ་ཆེར་དང་། འགྲོ་བ་མི་རྣམས་ཀྱི་ལུས་སེམས་གཉིས་ལ་གདུང་བ་ཆེན་པོ་བཟོ་བཞིན། དཔལ་འབྱོར་དང་ལས་རིགས་ཀུན་ཉམས་ཉེས་ཚབས་ཆེར་ཐེབས་བཞིན་པའི་འོག་འཛམ་གླིང་གི་རྒྱལ་ཁབ་ཚང་མས་གདོང་ལེན་འཐབ་རྩོད་ཤུགས་དྲག་དང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་བཞིན་པའི་སྐབས་སུ། རང་རེ་གནས་ཡུལ་རྒྱ་གར་གྱི་སྲིད་བློན་མོ་དྷི་དབུ་ཁྲིད་པའི་རྒྱ་གར་གཞུང་ནས་སྔར་གཏན་ནས་གནང་མྱོང་མེད་པའི་ཐབས་ལམ་འདྲ་མིན་བཀོལ་ནས་ནད་ཡམས་དེ་འགོག་ཐབས་བྱེད་ཀྱི་ཡོད་པའི་ཆ་ཤས་སུ་ཁྱིམ་གྱི་ཐེམ་སྤང་བཀའ་རྒྱ་བསྡམས་ནས་འཐབ་རྩོད་གནང་མུས་ཐོག །
ཕྱི་ཟླ་༣ པའི་ཚེས་ ༢༤ ནས་སྲིད་བློན་མོ་དྷི་ཡིས་རྒྱ་གར་རྒྱལ་ཡོངས་མ་མཐར་ཡང་ཉིན་ ༢༡ རིང་སྒོ་རྒྱག་དགོས་པའི་བཀའ་རྒྱ་ཕབ་པ་ལྟར། ད་ལྟར་ལག་བསྟར་ནན་པོ་བྱས་དང་བྱེད་མུས་ཡིན་པར་བརྟེན། རྒྱ་གར་གྱི་སྲིད་བློན་མོ་དྷིའི་དབུ་ཁྲིད་ལམ་སྟོན་འོག་ཏུ་དབུས་གཞུང་ནས་ནད་ཡམས་བཀག་འགོག་གི་ལས་འགུལ་རབ་དང་རིམ་པར་སྤེལ་བཞིན་པ་དེ་དག་གིས་རྒྱ་གར་རྒྱལ་ཡོངས་སུ་ནད་ཡམས་སྔོན་འགོག་ནུས་པ་འདོན་པའི་ཆེད་དུ་དེ་ལྟར་ལས་འགུལ་སྤེལ་དགོས་ཐུག་ཡོད།
རང་རེའི་གྲྭ་ཚང་ངོས་ནས་ཀྱང་བཀའ་ཁྱབ་ཁག་ལ་རྒྱབ་སྐྱོར་ལག་བསྟར་བྱས་ཏེ་གྲྭ་མང་རྣམས་ཀྱིས་ལྷ་བླའི་ལུང་བསྟན་གྱི་ཞབས་རིམ་རང་ངོས་ནས་སྒྲུབ་མུས་དང་། ཕེབས་བཞུད་སོགས་ལ་ཡང་དབུས་གཞུང་གིས་བཀའ་རྒྱ་ལྟར་ཟ་ཆས་བཙོང་སའི་ཚོང་ཁང་ལས་གཞན་ཟ་ཁང་དང་ཅ་དངོས་ཚོང་ཁང་སོགས་སྒོ་བརྒྱབ་པ་དང་། གྲྭ་ཚང་གི་ལྟོ་ཚང་ཡང་སྒོ་བརྒྱབས་ནས་དགེ་འདུན་པ་སྒེར་སོ་སོ་ལ་ཟ་ཆས་འབྲས་དང་གྲོ་ཞིབ། ཟ་སྣུམ་དང་སྔོ་ཚལ་རིགས་འབུལ་ལམ་ཞུས་ཏེ་སྒེར་སོ་སོས་བཞེས་ལག་སོགས་བཟོ་མུས་དང་། མང་པོ་མཉམ་དུ་འདུ་འཛོམས་མེད་པའི་ཐོག་ཁྱིམ་གྱི་ཐེམ་སྤང་བྱེད་བཞིན་གང་སར་འགྲོ་སྐྱོད་མེད་པར་གནས་མུར་ཡིན།
གཞན་ཡང་གྲྭ་ཚང་གི་ངོས་ནས་སྤྱི་ཚོགས་ལ་ཕན་བདེའི་བྱ་གཞག་ཐད་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་རྒྱ་གར་དབུས་གཞུང་དང་རྒྱ་གར་མི་དམངས་ཡོངས། ཀ་ན་ཊ་མངའ་སྡེ་གཞུང་དམངས་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་བརྩེ་སེམས་མཚོན་ཐབས་སུ་བདག་ཅག་རྣམས་ཀྱི་འདྲེན་པ་བླ་ན་མ་མཆིས་པ་ཆེན་པོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན། གྲྭ་ཚང་རང་ངོས་ནས་འཆར་གཞི་ལྟར་འཛིན་སྐྱོང་ཕྱག་མཛོད་ངོས་ནས་ལག་བསྟར་བྱེད་ངེས་སུ་མཆིས་པ་ནི། རྒྱ་གར་ལ་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། རྒྱ་གར་ནི་བོད་པ་བཙན་བྱོལ་བ་རྣམས་གནས་སྡོད་བྱ་ཡུལ་གཙོ་བོ་དེ་ཆགས་ཡོད་པར་བརྟེན། རྒྱ་གར་དབུས་གཞུང་ལ་ཞལ་འདེབས་དང་ཡུལ་མི་ཉམ་ཐག་རྣམས་ལ་རོགས་སྐྱོར་བྱས་དང་བྱེད་མུས་སུ་མཆིས། དེ་ལྟར་བྱེད་དགོས་དོན་ཡང་ཏོག་དབྱིབས་ཀྱི་ནད་ངན་འདི་ལ་ཚང་མས་ཕྱར་བ་གྲུ་འདེགས་དང་ནུས་པ་མཉམ་སྤུངས་ཀྱིས་འཐབ་རྩོད་གནང་བཞིན་པའི་དུས་སྐབས་འདིར། རྒྱ་གར་ཡུལ་མི་མང་ཆེ་བ་ངལ་རྩོལ་གྱི་ལས་རིགས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པས་ད་སྐབས་ལས་ཀ་མེད་པ་དང་། མི་མང་རྣམས་ཁྱིམ་གྱི་ཐེམ་སྤང་དང་མཉམ་འདུས་མི་ཆོག་པས་ཟ་ཆས་རིགས་དངོས་ཡོད་དཀའ་ངལ་ཅི་ཆེར་འཕྲད་པར་བརྟེན་ད་རེས་ལས་འགུལ་འདི་ནི་ལྷ་ཆོས་མི་ཆོས་གཉིས་དང་མཐུན་པའི་བྱ་བ་བཟང་པོ་ཞིག་ཏུ་སོང་བར་བརྟེན་ལས་དོན་བསྒྲུབས་དང་སྒྲུབ་མུས་ཡིན།
དེ་ཡང་ཕྱི་ལོ་༢༠༢༠ ལོའི་ཟླ་བ་ ༤ ཚེས་ ༩ ཉིན་རྒྱ་གར་ཀ་ན་ཊ་ཀ་མངའ་སྡེའི་ཁོངས་སུ་གཞིས་ཆགས་པའི་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་གིས་དེང་སྐབས་འཛམ་གླིང་ཁྱོན་ཡོངས་དང་རྒྱ་གར་མངའ་སྡེ་ཡོངས་ལ་ཁྱབ་བརྡལ་འགྲོ་བཞིན་པའི་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་འགོག་བཅོས་ཀྱི་ལས་གཞིའི་ཆ་ཤས་སུ་རྒྱ་གར་དབུས་གཞུང་ལ་ཧིན་སྒོར་༧༥༠༠༠༠/- ཀ་ན་ཊ་མངའ་སྡེའི་གཞུང་ལ་ཧིན་སྒོར་༣༥༠༠༠༠/- དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལ་ཧིན་སྒོར་༢༥༠༠༠༠/- མོན་གྷོ་བོད་མིའི་གཞིའི་ཆགས་སུ་ཧིན་སྒོར་༡༠༠༠༠༠/- བཅས་ཕུལ་ཡོད་པ་མ་ཟད་མངའ་སྡེ་གཞན་ནས་ཡོང་བའི་རྒྱ་གར་བ་ལས་མི་དང་། ས་གནས་ཀྱི་རྒྱ་གར་བ་ཉམ་ཐག་རྣམས་ལ་ཟ་ཆས་རིགས་སྦྱིན་གཏོང་གནང་དང་གནང་མུས་སུ་མཆིས་པ་མ་ཟད། འབྲས་སྤུངས་བློ་གསལ་གླིང་སྨན་ཁང་གིས་ཏོག་དབྱིབས་ནད་དུག་སེལ་ཐབས་དང་རྒྱ་གར་གཞུང་དམངས་གཉིས་ལ་བརྩེ་སེམས་མཚོན་ཆེད་རྒྱ་གར་དབུས་གཞུང་མོ་དྷི་ཐེབས་རྩ་ཁང་དང་། ཀ་ན་ཊ་ཀ་མངའ་སྡེ་གཞུང་ལ་ཡང་ཧིན་སྒོར་འབུམ་རེ་རེ་ཞལ་འདེབས་ཕུལ་ཡོད་པ་དང་། བློ་གསལ་གླིང་དཔེ་མཛོད་ཁང་གིས་ཏོག་དབྱིབས་ནད་དུག་སེལ་ཐབས་སུ་རྒྱ་གར་དབུས་གཞུང་ལ་ཧིན་སྒོར་༡༠༠༠༠༠/-འབུམ་གཅིག་དང་། ཀ་ན་ཊ་ཀ་མངའ་སྡེའི་གཞུང་ལ་ཧིན་སྒོར་༥༠༠༠༠/-ཐམ་པ་བཅས་འབུལ་ལམ་ཞུས་ཡོད་ཅིང་།
མོན་གྷོ་བོད་མིའི་གཞིས་ཆགས་གྲོང་སྡེ་ཁག་ཏུ་ཟ་ཆས་རིགས་དང་སྔོ་ཚལ་རིགས་རླངས་རྫས་བཅས་རླངས་འཁོར་ཐོག་དབོར་འདྲེན་བྱས་ཏེ་རིན་མ་རྩ་ཐོག་འབུལ་ལམ་དང་། འཁོས་བབ་ཞན་པའི་ཁྱིམ་ཚང་སོ་བརྒྱད་ཙམ་ལ་བཟའ་ཆས་རིགས་སྦྱིན་གཏོང་གི་རོགས་རམ་བྱས་དང་བྱེད་མུས་ཡིན། མོན་གྷོ་གྲོང་རྡལ་གྱི་ཏཱ་སིལ་དྷར་ལས་ཁུངས་ཀྱི་སྤྱི་ཁྱབ་མཆོག་གི་དྲུང་དུ་ཆེད་དུ་བཅར་ནས་རྒྱལ་ཡོངས་སྒོ་རྒྱག་གི་སྐབས་འདིར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཡུལ་མི་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་རིགས་ལ་ཟ་འབྲུ་སོགས་མཁོ་དགོས་ཡོ་བྱད་དང་གཞན་ཡང་དགོས་ངེས་ཀྱི་མཐུན་རྐྱེན་སྦྱར་དགོས་རིགས་སླར་ཡང་འབུལ་རྒྱུའི་འཆར་གཞི་ཁག་སྙན་སེང་དང་སྦྲགས་ལས་འགུལ་སྤེལ་ཕྱོགས་ཀྱི་ལམ་སྟོན་ཞུས་པར། ཁོང་གིས་དགྱེས་ཚོར་ཆེན་པོའི་སྒོ་ནས་ད་ལྟར་རྒྱ་གར་གཞུང་གི་འཆར་གཞི་ཁག་དང་ཁོ་རང་གི་དགོངས་ཚུལ་ཁག་ལྷུག་པོར་གསུང་གནང་སོང་།
ཕྱི་ཟླ་ ༤ ཚེས་ ༡༩ ཉིན་མོན་གོ་ཏཱ་སིར་དྷར་ལས་ཁུངས་ཀྱི་སྤྱི་ཁྱབ་ཀྱིས་བཀོད་སྒྲིག་ལྟར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཉེ་འཁོར་གྱི་ཡུལ་མི་འཁོས་བབ་ཞན་པ་རྣམས་ལ་ཟ་འབྲུ་ཁག་ཕུལ་ཆོག་རྒྱུའི་སྙན་ཞུ་མོན་གྷོ་གཞིས་གཉེར་( TAHSILDAR) མཆོག་ལ་ཕུལ་བ་བཞིན། དངོས་ཡོད་དཀའ་ངལ་ཉམ་ཐག་ཅན་དབུལ་ཕོངས་རྒྱ་གར་གྲོང་གསེབ་ཁག་ལྔ་ནས་གྲོང་སྡེ་སོ་སོར་བཀོད་མངགས་གནང་བ་དང་འབྲེལ་ཨིན་དཱུར། ཨིནྡྲ་ནཱ་གར། ཀོ་པ། ཧཱུན་གུནྡ། ཨ་ག་ཌི། གུ་ལི་ཀ་ལོ་ནི་བཅས་གྲོང་སྡེ་ལྷན་ཚོགས་ཀྱི་ལས་ཁུངས་ནས་འཁོས་བབ་ཞན་པ་རྣམས་ཀྱི་མིང་གཞུང་འབྱོར་ཁོངས་འབྲས་སྤུངས་དགོན་པའི་ཉེ་འདབས་སུ་ཆགས་པའི་ཧཱུན་གུནྡ་གྲོང་གསེབ་ཁྱབ་ཁོངས་གྲོང་གསེབ་ཁག་གཉིས་ཀྱི་དགོས་ངེས་ཅན་གྱི་མི་མང་རྣམས་ལ་ཟས་རིགས་སྣ་འཛོམས་འབྲས་སོགས་འབྲུ་རིགས་དང་ཟ་སྣུམ་སོགས་སྣ་ཁ་དགུ་ཙམ་སྒྱེའུར་འགེངས་ནས་ས་གནས་སུ་ཡུལ་མི་བཞི་བརྒྱ་ལྷག་ལ་སྦྱིན་གཏོང་རོགས་རམ་ཐོག་བགོ་འགྲེམས་བྱས་ཏེ་ཕུལ་ཡོད། སྐབས་དེེར་ཏཱ་སིར་དྷར་ལས་ཁུངས་ཀྱི་སྤྱི་ཁྱབ་པ་མཆོག་དང་། མོན་གྷོ་གཞིས་གཉེར་མཆོག་དང་། འབྲས་བློ་གླིང་འཛིན་སྐྱོང་ཕྱག་མཛོད་རྣམ་པ་དང་དགེ་འདུན་པ་ཁག་ཅིག ། ས་གནས་སྐོར་སྲུང་བ། གྲོང་སྡེ་ལྷན་ཚོགས་ཀྱི་ལས་བྱེད་པ་རྣམས་ཀྱི་རོགས་སྐྱོར་འོག་ཟང་ཟིང་གང་ཡང་མེད་པར་འཆར་གཞི་དང་ལྡན་པའི་སྒོ་ནས་ཞི་བདེ་ལྷིང་འཇགས་ངང་ཀུན་ལ་ཆད་ལྷག་མེད་པར་བགོ་འགྲེམས་བྱས་ཐུབ་པ་བྱུང་བས་ཁོང་རྣམ་པར་བཀྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་།
ད་དུང་མུ་མཐུད་ནས་ཏོག་དབྱིབས་ཀྱི་ནད་ཡམས་ས་སྟེང་འདི་ནས་མ་ཡལ་བར་གྲྭ་ཚང་གི་ངོས་ནས་ཆེད་སེམས་བརྟན་པའི་ཞབས་རིམ་ཁག་སྒྲུབ་རྒྱུ་དང་། སྤྱི་སྒེར་གང་གི་ལམ་སྟོན་བཟང་པོ་ལ་རྒྱབ་སྐྱོར་དང་། ཡུལ་མི་ཉམ་ཐག་རྣམས་ལ་སྔར་ལས་ལྷག་པའི་རོགས་རམ་བྱ་རྒྱུའི་འདུན་པ་མཆིས། གཙོ་བོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་རྣམས་སྙིང་ལ་བཅངས་ནས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་། དབུས་བོད་མིའི་སྒྲིག་འཛུགས་བཅས་ཀྱི་ལམ་སྟོན་ལ་རྒྱབ་སྐྱོར་དང་རམ་འདེགས་ཞུ་རྒྱུ། ས་གནས་ཡུལ་མི་དང་སྤུན་ཟླ་འདུ་ཤེས་མ་དོར་བའི་ཐོག་འཆམ་མཐུན་མཉམ་གནས་ཀྱི་སྒོ་ནས་གདུང་སེམས་མཉམ་བསྐྱེད་དང་དཔུང་པ་མཉམ་གཤིབ་ཀྱིས་ཏོག་དབྱིབས་ནད་ངན་འདི་ལ་འཐབ་རྩོད་གནང་སྟེ་ནད་ངན་འདི་ལས་མྱུར་དུ་རྒྱལ་བ་དང་། ནད་ངན་འདིས་ཚེ་སྲོག་འཕྲོགས་ཟིན་པ་རྣམས་དལ་རྟེན་རིམ་བརྒྱུད་རྟེན་བཟང་ཐོབ་པ་དང་། ད་ལྟར་འཛམ་གླིང་ཁྱོན་ལ་ཏོག་དབྱིབས་ཀྱི་ནད་འདིས་མནར་བཞིན་པའི་འགྲོ་བ་རྣམས་ནད་ལས་མྱུར་དུ་གྲོལ་ཏེ་ནད་ངན་འདིའི་རྒྱུན་མྱུར་དུ་ཆད་ནས་མིང་ཙམ་ཡང་མི་གྲགས་པར་འགྲོ་རྣམས་ཞི་བདེ་དང་བདེ་སྐྱིད་ཀྱི་དཔལ་ཡོན་ལ་མྱུར་དུ་རོལ་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ།། །། ཕྱི་ལོ་༢༠༢༠ཟླ་ ༤ ཚེས་ ༢༣ ཉིན་ཕུལ།།