ཕྱི་ལོ་ ༢༠༡༩ ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོགསྐུ་བལྟམས་ནས་ཕྱི་ལུགས་དགུང་གྲངས་ ༨༤ དང་། རང་ལུགས་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ངང་ཞུ་བཞིན་བ།
༄༅། །དེ་རིང་ནི་བོད་ཁ་བ་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ཀྱི་ལྷ་སྐལ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་མི་ཡི་རྣམ་པར་རོལ་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། གདུལ་བྱའི་རྣམ་དཀར་བསོད་ནམས་ཀྱི་འབྲས་བུ་དུས་སུ་སྨིན་པ་ལས། བོད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་གངས་ལྗོངས་ཆོས་ཀྱི་ཞིང་སར་སྟག་མཚེར་ཡུལ་དུ་ངོ་མཚར་རྨད་དུ་བྱུང་བའི་མཚན་ལྟས་བཟང་པོ་དུ་མ་དང་བཅས་སྐུ་བལྟམས་ནས་ཕྱི་ལུགས་དགུང་གྲངས་ ༨༤ དང་། རང་ལུགས་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ངང་ཞུ་བཞིན་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ནམ་ཡང་གཞལ་བར་མི་ནུས་པའི་ཐུགས་རྗེ་དང་། བཀའ་དྲིན་ཡིད་ལ་དྲན་བཞིན། གུས་ཕྱག་སྔོན་དུ་ཕུལ་ཏེ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ། བྱེས་འབྱོར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་འདུས་མང་ཡོངས་ཀྱིས་འཁྲུངས་སྐར་སྲུང་བརྩི་ཞུས་གནང་སོང་།
དེ་ཡང་དཔལ་ལྡན་འབྲས་སྤུངས་བློ་གླིང་གཙུག་ལག་ཁང་དུ་དབུ་བཞུགས་སྐྱབས་རྗེ་༧ ཤར་པ་ཆོས་རྗེ་རིན་པོ་ཆེ་བློ་བཟང་རྡོ་རྗེ་མཆོག་དང་། བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་དཀོན་མཆོག་དཔག་བསམ་མཆོག །རྒྱུད་སྨད་མཁན་ཟུར་རིན་པོ་རྗེ་བཙུན་མཐུ་སྟོབས་མགོན་པོ་མཆོག །བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་མཆོག ། བློ་གླིང་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག ། འདོད་རྒུ་གླིང་རང་གཞུང་སྐུ་ཚབ་མཆོག་དབུས་འབྲེལ་ཡོད་སྦྱིན་བདག་ཁག་དང་། འདུས་མང་ཡོངས་ལྷན་འཛོམས་ཀྱིས་སྔ་དྲོར་ཆུ་ཚོད་དྲུག་པའི་ཐོག་ཚོགས་དབུས་ནས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་རྒྱས་སྣེ་བསུས་ཏེ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་༧རྒྱལ་བའི་བཞུགས་ཁྲི་ལ་འཁོད་མཚམས་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་བློ་གླིང་མཁན་རིན་པོ་ཆེ་མཆོག ། རང་གཞུང་སྐུ་ཚབ་སོགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེས་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་། སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་སྤྲི་གོར་གཏུབ་པ་སོགས་གནང་སྟེ་འདུས་མང་ཡོངས་ལ་སྤྲི་གོར་དང་གསོལ་ཇ་བཞེས་བག་སོགས་ཀྱང་འབུལ་ལམ་ཞུས། ཚོགས་དབུས་སུ་ཞལ་འདོན་ཡང་༧རྒྱལ་བའི་ཞབས་བརྟན། ལྷ་བསངས་ཆོས་སྐུ་མ་འདོན་སྐུལ་གནང་། སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་གིས་འཁྲུངས་སྐར་བསུ་བའི་དགོས་པ་དང་། ༧ རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་རང་ཅག་མགོན་དུ་སྐུའི་མཚན་དཔེ་བཞད་པ་ནས་དགུང་གྲངས་གྱ་བཞི་བར་བོད་མི་རིགས་ཀྱི་སྤྱིའི་བདེ་དོན་དང་། བོད་ཀྱི་ཆོས་དང་རིག་གཞུང་། འཛམ་བུ་གླིང་གི་འགྲོ་བ་མི་རྣམས་ལ་ཁྱིམ་ཚང་གཅིག་གི་འདུ་ཤེས་བཟུང་སྟེ་ཞི་བདེ་བསྐྲུན་ཐབས་མཛད་པ་སོགས་རླབས་ཆེན་གྱི་མཛད་སྤྱོད་མཐའ་དག་སྒྲོག་སྦྱངས་གནང་བ་དང་། ང་ཚོའི་གྲྭ་ཚང་འདི་ཡང་ཁོང་གི་བཀའ་དྲིན་ཉག་གཅིག་ལས་སྔོན་ནས་ད་བར་འདྲ་འདྲའི་ནང་ནས་མ་འདྲ་ཞིག་ཏུ་འགྱུར་ཡོད་པ་དང་། སྔོན་ཡང་གྲྭ་ཚང་འདི་ནས ༧རྒྱལ་དབང་ཐམས་ཅད་མཁྱེན་པས་ཅི་གསུང་བཀའ་སྒྲུབ་གནང་ཡོད་པ་དང་། ཅི་གསུང་བཀའ་བཞིན་སྒྲུབ་པ་ལས་མཆོད་པ་ལྷག་པོ་ཞིག་མེད་ཅིང་། དགོན་སྡེ་ཁག་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་སྦྱང་ཡུལ་སློབ་གྲྭ་ཞིག་དགོས་གསུངས་པ་ལྟར་བློ་གླིང་གྲྭ་ཚང་གིས་དགོན་སྡེ་ཁག་གི་ཐོག་མའི་གྲས་ནས་སློབ་གྲྭ་ཞིག་བཙུགས་ཏེ་འབྲས་བློ་གླིང་ཆོས་རིག་འཛིན་སྐྱོང་ཞིག་མཚན་གསོལ་སྩལ་གནང་ཡོད། དེ་བཞིན་༧མགོན་པོ་གང་ཉིད་ཀྱིས་གདན་ས་ཁག་ལ་ཚན་རིག་སྦྱང་ཡུལ་ཞིག་ཡོད་ན་དགེ་མཚན་ཆེ་བར་བཀའ་ཕེབས་པ་ལྟར་ནང་པའི་ལྟ་སྤྱོད་ཟུང་སྦྲེལ་གྱི་གཞུང་ལུགས་དང་དེང་རབས་ཚན་རིག་གཉིས་གྱི་དབར་དོན་སྙིང་ལྡན་པའི་མཉམ་ལས་འབྲེལ་འདྲིས་བྱ་སའི་བསྟི་གནས་གལ་ཆེ་ཞིག་བཙུགས་ཐུབ་ཡོད་ཅིང་། ཕྱི་ལོ་༡༩༩༨ ལོ་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་ཨ་རི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་དབར་ལོ་རྒྱུས་རང་བཞིན་ཅན་གྱི་ཤེས་རིག་མཉམ་འབྲེལ་ལས་གཞི་ཞིག་སྤེལ་རྒྱུ་སྐུལ་སློང་ཐོབ་ཡོད་པ་མ་ཟད། ལས་གཞི་དེ་ཉིད་༧མགོན་པོ་གང་གི་ཞལ་སྔ་ནས་ལོ་དེར་དབུ་འབྱེད་བསྐྱངས་ཡོད། ཕྱིན་ཆད་ཀྱང་སྔར་བཞིན་བཀའ་སློབ་ལམ་སྟོན་འོག་ཤར་སྐྱོད་གནང་བ་མ་ཟད། བོད་ཀྱི་རྩ་དོན་ལམ་དབུ་མའི་ཐོག་སྔར་བཞིན་སྐྱོད་རྒྱུ་ཡིན་པ་སོགས་བཀའ་སློབ་གནད་བསྡུས་ཤིང་ཟབ་ཅིང་རྒྱ་ཆེ་བ་གནང་སྟེ་འཁྲུངས་སྐར་མཛད་སྒོ་བཀྲ་ཤིས་པའི་ངང་གྲུབ་ཡོད་པ་རེད།