བོད་རྒྱལ་ལོ་ ༢༡༤༦ ཟླ་བ ༨ ཚེས་ ༡༡ ནས་༡༥ བར་དང་། ཕྱི་ལོ་༢༠༡༩ཟླ་༡༠ཚེས་༩ནས་༡༣བར་ཉིན་ལྔའི་རིང་བློ་གླིང་གཙུག་ལག་ཁང་དུ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་གནས་བརྟན་བགྲེས་པ་དབུས་འདུས་མང་སློབ་གཉེར་བ་རྣམས་ལྷན་འཛོམས་ཐོག་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་དང་།དེ་ནས་རིམ་བཞིན་ཕར་ཕྱིན་དང་དབུ་མའི་དོགས་གཅོད་བཅས་གནང་ཡོད།
༄མཁས་མང་བློ་གསལ་བྱེ་བའི་གླིང་གིས་རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་ཆེད་ཆོས་ཕྱོགས་ཀྱི་མཛད་རིམ་མང་དུ་ཡོད་པ་ལས། བོད་རྒྱལ་ལོ་ ༢༡༤༦ ཟླ་བ ༨ ཚེས་ ༡༡ ནས་༡༥ བར་དང་། ཕྱི་ལོ་༢༠༡༩ཟླ་༡༠ཚེས་༩ནས་༡༣བར་ཉིན་ལྔའི་རིང་བློ་གླིང་གཙུག་ལག་ཁང་དུ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་གནས་བརྟན་བགྲེས་པ་དབུས་འདུས་མང་སློབ་གཉེར་བ་རྣམས་ལྷན་འཛོམས་ཐོག་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་དང་།དེ་ནས་རིམ་བཞིན་ཕར་ཕྱིན་དང་དབུ་མའི་དོགས་གཅོད་བཅས་གནང་ཡོད།
དེ་ཡང་ཉིན་དང་པོའི་ཉིན་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་དཔལ་བཟང་པོ་མཆོག་དང་།དམིགས་བསལ་སྐུ་མགྲོན་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་མཐུ་སྟོབས་མགོན་པོ་དཔལ་བཟང་པོ་རྣམ་གཉིས་ཀྱིས་མར་མེ་ཞལ་ཕྱེ་གནང་བ་དང་།༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་མཇལ་དར་འབུལ་བ་དང་།དབུ་མཛད་དགེ་བཤེས་གཙུག་ལག་རྒྱ་མཚོ་མཆོག་གིས་སྐྱབས་འགྲོ་སེམས་བསྐྱེད་དང་དགའ་ལྡན་ལྷ་བརྒྱ་སོགས་འདོན་སྐུལ་གནང་གྲུབ་རྗེས།སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་བཀའ་སློབ་གནང་གྲུབ་པ་དང་།བགྲོ་གླེང་ཐེངས་དང་པོའི་ཐོག་དགེ་བའི་བཤེས་གཉེན་ཆེན་པོ་བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཡེ་ཤེས་ཆོས་འཕེལ་མཆོག་གིས་གཙོ་སྐྱོང་གནང་།སློབ་དཔོན་གཉིས་པ་ཤག་སྐོར་མཁན་སྤྲུལ་རིན་པོ་ཆེ་མཆོག་གིས་ལེགས་བཤད་སྙིང་པོ་དབུ་མ་ཐལ་འགྱུར་བའི་སྐོར་ལས་རྩོམ་ཤོག་དང་།སློབ་དཔོན་དང་པོ་ཏྲེ་ཧོར་ཆོས་རྒྱལ་ཉི་མས་དབུ་མ་རང་རྒྱུད་པའི་སྐོར་རྩོམ་ཤོག་སྒྲོག་སྦྱོང་གནང་།
བགྲོ་གླེང་ཐེངས་གཉིས་པའི་ཐོག་དཔལ་ལྡན་ཁྲིམས་བདག་དགེ་བསྐོས་ཕུ་ཁང་དགེ་བཤེས་བྱང་ཆུབ་ངག་དབང་མཆོག་གིས་གཙོ་སྐྱོང་གནང་བ་དང་། བཀའ་རམས་གཉིས་པ་སྤོམ་ར་བསྟན་འཛིན་བཟང་པོས་སེམས་ཙམ་པའི་ལྟ་བའི་སྐོར་ལས་འཕྲོས་ནས་སྒྲོ་སྐུར་སོགས་ཀྱི་སྐོར་རྩོམ་ཤོག་དང་། བཀའ་རམས་དང་པོ་ཏྲེ་ཧོར་བློ་བཟང་འཕྲིན་ལས་ཀྱིས་རྣམ་ཐར་སྒོ་གསུམ་གྱི་སྐོར་ལས་རྩོམ་ཤོག་སྒྲོག་སྦྱོང་གནང་། དེ་དག་གི་ཐོག་སློབ་གཉེར་བ་སོ་སོས་དྲི་ལན་དང་བཅས་མཁས་དབང་ཁག་གིས་བགྲོ་གླེང་ལྷུག་པོར་མཛད་པར་གྲུབ་རྗེས། ཕྱག་མཛོད་ཁྲི་པ་ཏྲེ་ཧོར་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་གནང་སྟེ་མཛད་སྒོ་གྲོལ། ཕྱི་ཉིན་ནས་མཁས་དབང་རྣམས་དང་སློབ་གཉེར་བ་རྣམས་ཀྱིས་ཕར་ཕྱིན་དང་དབུ་མ་བཅས་ཀྱི་ཐོག་ལུང་རིགས་ཀྱི་བརྒལ་བརྟག་མཛད་དེ་དོགས་གཅོད་རྒྱས་པ་གནང་ཡོད།