གྲྭ་ཚང་འདི་ཉིད་ལ་གལ་ཆེ་བའི་ཆོས་ཐོག་ཁག་བརྒྱད་ཡོད།

༡༽ ཆོས་ཐོག་དང་པོ་དཔྱིད་ཆོས་དང་པོ།

བོད་ཟླ་གཉིས་པའི་ཚེས་གཉིས་ཉིན་ཆོས་ར་ཡར་ཚོགས་ཡིན། དུས་ཡུན་བཅོ་ལྔའི་ཆོས་ར་ཡིན། ཆོས་ཐོག་འདིའི་ནང་དགེ་བཤེས་ལས་ཐོག་པ་རྣམས་ཀྱིས་ཉིན་ཆོས་སུ་འཛིན་གྲྭ་སོ་སོར་དམ་བཅའ་བསྐོར་དགོས།


གཟའ་ཉི་མའི་དགོང་མོ་ཁམས་ཚན་དམ་བཅའ་ལ་དགེ་བཤེས་ལས་ཐོག་པ་དང་ཚོགས་ལངས་བ་རྣམས་ཀྱིས་དམ་བཅའ་སྐོར་དགོས། བོད་ཟླ་གཉིས་པའི་ཚེས་བཅུ་དྲུག་ལ་ཆོས་ར་མར་གྲོལ་དང་། ཆོས་མཚམས་ཉིན་བཅུ་བདུན་ཡོད།

༢༽ ཆོས་ཐོག་གཉིས་པ་དཔྱིད་ཆོས་ཆེན་མོ།

ཆོས་ཐོག་འདི་བོད་ཟླ་གསུམ་པའི་ཚེས་གསུམ་ལ་ཆོས་ར་ཡར་ཚོགས་དང་། དུས་ཡུལ་ཟླ་ཆོས་ཡིན། ཟླ་ཚོས་འདིའི་ནང་འཛིན་གྲྭ་གོང་འོག་ཕན་ཚུན་བརྒལ་བརྟག་བགྱིས་ཏེ་ལུང་རིགས་གནམ་ལྕགས་ཀྱི་ཐོག་མདའ་འཕེན་ཏེ་ཕས་རྒོལ་ལོག་རྟོག་གི་བྲག་རི་འཇོམས་པའི་དུས་འདི་གྲྭ་སའི་དཔེ་ཆ་བ་ཚོས་ལྷད་མོ་ཆེ་ཤོས་ཀྱི་དུས་ཤིག་བརྩི་ཡི་ཡོད། བོད་ཟླ་བཞི་པའི་ཚེས་གསུམ་ལ་མར་གྲོལ། ཆོས་མཚམས་ཉིན་བཅུ་གསུམ།

༣༽ ཆོས་ཐོག་གསུམ་པ་སྟོང་ཉིད་ཆོས་ར།

སྟོང་ཉིད་ཆོས་ར་ནི་ཧོར་ཟླ་བཞི་པའི་ཚེས་བཅུ་དྲུག་ལ་ཡར་ཚོགས་དང་། དུས་ཡུན་ནི་ཉི་ཤུ་ཆོས་ར་ཡིན། ཆོས་ཐོག་འདིའི་ནང་། ཆོས་ཐོག་སྔ་མ་འཛིན་གྲྭ་འཐབ་མ་ཚར་ན་འདིའི་ནང་ཚར་བ་དགོས། ཚོགས་ལངས་བ་རྣམས་ཆོས་ཐོག་འདིའི་ནང་དམ་བཅའ་འཇོག་དགོས་ཤིང་། གཙོ་བོ་ནི་སྐྱབས་རྗེ་མཁན་རིན་པོ་ཆེ་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་གནང་དགོས། བོད་ཟླ་ལྔ་པའི་ཚེས་དྲུག་ལ་ཆོས་ར་མར་གྲོལ་ཡིན། ཆོས་མཚམས་ཉིན་བཅུ་ཡོད།

༤༽ ཆོས་ཐོག་བཞི་པ་དབྱར་ཆོས་ཆེན་མོ།

དབྱར་ཆོས་ཆེན་མོ་ནི་བོད་ཟླ་ལྔ་པའི་ཚེས་བཅུ་དྲུག་ལ་ཡར་ཚོགས་ཡིན། དུས་ཡུན་ནི་ཟླ་ཆོས་ཡིན། ཆོས་ཐོག་འདི་གྲྭ་ཚང་དུ་ཆོས་ར་ཡར་ཚོགས་དང་། ཕྱི་ཉིན་སྐུ་རིམ་རྒྱས་པ་གཅིག་དང་། ཉིན་གསུམ་པ་ནས་གྲྭ་ཚང་གཉིས་མཉམ་དུ་ཚོགས་ཆེན་དུ་སྐུ་རིམ་དང་། ཉིན་ཆོས་གྲྭ་ཚང་དུ་ཚོགས་དགོས། ཆོས་ཐོག་སྔ་མར་ཚོགས་ལངས་དམ་བཅའ་མ་ཚར་བ་ཡོད་ན་འདི་ནང་བཞག་དགོས། ཆོས་ཐོག་འདིའི་ནང་དགེ་བཤེས་ལས་ཐོག་པ་རྣམས་འགན་འཁུར་རྐང་ལེན་གྱིས་འདུལ་མཛོད་གཉིས་ཀྱི་འཛིན་དང་པོའི་དོགས་གཅོད་གནང་དགོས་ཤིང་། ཚོགས་ཆེན་དུ་གཏོང་རྒྱུའི་འདུལ་མཛོད་གཉིས་ཀྱི་མུ་བཞི་ཆེན་མོ་ལ་ཡང་ཞིབ་གཤེར་གནང་དགོས། བོད་ཟླ་ལྔ་པའི་ཚེས་ཉི་ཤུ་ནས་ཚོགས་ཆེན་རྡོ་གཅལ་གཡས་གཡོན་དུ་གྲྭ་ཚང་གཉིས་ཀྱི་ཚོགས་ལངས་བ་རྣམས་ཀྱིས་དམ་བཅའ་འཇོག་རེས་གནང་གི་ཡོད་པ་མ་ཟད་འདུལ་མཛོད་གཉིས་ཀྱི་མུ་བཞི་མོའི་དམ་བཅའ་དགོང་མོ་བཞི་ཡི་རིང་བཞག་དགོས། བོད་ཟླ་དྲུག་པའི་ཚེས་བཅུ་དྲུག་ལ་ཆོས་ར་མར་གྲོལ་དང་། ཆོས་མཚམས་ཉིན་ཞེ་བདུན་ཡོད། འདི་ལ་ཆོས་མཚམས་ཆེན་མོ་ཞེས་གྲགས་ཤིང་། ཆོས་མཚམས་འདིར་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དང་ཚོགས་ལངས་ཁག་འདིའི་ནང་བཞེངས་རྒྱུ་བཅས་སོ།

༥༽ ཆོས་ཐོག་ལྔ་པ་སྟོན་ཆོས་ཆེན་མོ།

ཆོས་ཐོག་འདི་ནི། བོད་ཟླ་བརྒྱད་པའི་ཚེས་གསུམ་ལ་ཆོས་ར་ཡར་ཚོགས་དང་དུས་ཡུན་ཟླ་ཆོས་ཡིན། ཆོས་ར་འདིའི་ནང་དབུ་ཕར་གཉིས་ཀྱི་དོགས་གཅོད་ཚོགས་དགོས། ཡང་ཆོས་ར་འདིའི་ནང་། འདོན་བཟང་སྐད་བཟང་བ་རྣམས་ཀྱིས་དབྱངས་སྦྱངས་ཉིན་བདུན་རིང་ཚོགས་དགོས། བོད་ཟླ་དགུ་པའི་ཚེས་གསུམ་ཉིན་ཆོས་ར་མར་གྲོལ་དང་། ཆོས་མཚམས་ཉིན་བཅུ་གསུམ་ཡོད།

༦༽ ཆོས་ཐོག་དྲུག་པ་སྟོན་ཆོས་གཉིས་པ་ས་དཀར་ཆོས་ར།

ས་དཀར་ཆོས་ར་ནི། བོད་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་ཡར་ཚོགས་དང་། ཉི་ཤུ་ཆོས་ར་ཡིན། ཆོས་ཐོག་འདིའི་སྐབས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་ལམ་རིམ་བདེ་ལམ་ཉམས་ཁྲིད་ཚུལ་གྱིས་སྲོད་ཆོས་གནང་རྒྱུ་ཡིན། བོད་ཟླ་བཅུ་པའི་ཚེས་དྲུག་ནས་ཆོས་ར་མར་གྲོལ་དང་། ཆོས་མཚམས་ཉིན་བཅུ་ཡོད།

༧༽ཆོས་ཐོག་བདུན་པ་དགུན་ཆོས་དང་པོ་ལྔ་མཆོད་ཆོས་ར།

ཆོས་ཐོག་འདི་བོད་ཟླ་བཅུ་པའི་ཚེས་བཅུ་དྲུག་ལ་ཆོས་ར་ཡར་ཚོགས་དང་། དུས་ཡུན་བཅོ་ལྔའི་ཆོས་ར་ཡིན། ཆོས་ར་འདིའི་ནང་མཁན་རིན་པོ་ཆེས་སྲོད་ཆོས་གཉིས་པ་དེ་གནང་དགོས་ཤིང་རྣམ་འགྲེལ་རྩོད་པ་ཡང་རྩོད་དགོས། འཇང་དགུན་ཆོས་སྐབས་དམ་བཅའ་འཇོག་མཁན་གྲ་སྒྲིག་གནང་སྟེ་དམ་བཅའ་འཇོག་མཁན་རྣམས་ཀྱིས་ཆོས་རར་འཛིན་གྲྭར་དམ་བཅའ་བསྐོར་བ་དང་ཁམས་ཚན་སོ་སོར་དམ་བཅའ་བསྐོར་དགོས། སྤྱིར་ཆོས་ར་མར་གྲོལ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ཡིན་ཡང་། འཇང་དགུན་ཆོས་འབྲས་སྤུངས་ངས་ལྟ་བུར་འཁེལ་ཡོད་ན། འཇང་དགུན་ཆོས་མ་གྲོལ་བར་ཆོས་ར་མར་གྲོལ་མེད། དེ་མིན་ཆོས་མཚམས་ཉིན་བཅོ་ལྔ་ཡོད།

༨༽ཆོས་ཐོག་བརྒྱད་པ་དགུན་ཆོས་ཆེན་མོ།

ཆོས་ཐོག་འདི་བོད་ཟླ་བཅུ་གཅིག་བའི ཚེས་བཅུ་དྲུག་ལ་ཡར་ཚོགས་དང་ཆོས་ར་འདི་ཟླ་ཆོས་ཡིན། སྐུ་རིམ་དབྱར་ཆོས་ལྟར་གྲྭ་ཚང་དུ་ཉིན་གཉིས་ཀྱི་རྗེས་ཚོགས་ཆེན་སྐུ་རིམ་དང་། ཉིན་ཆོས་གྲྭ་ཚང་སོ་སོར་ཡིན། བོད་ཟླ་བཅུ་གཉིས་པའི་ཚེས་ཤར་ལ་དགུན་ཆོས་ཆེན་མོ་དམ་བཅའ་ཞེས་སྙན་གྲགས་ཅན་དེ་ཚུགས་དགོས་ཤིང་ལོ་དེའི་དགེ་བཤེས་ལྷ་རམས་པ་དང་ཚོགས་རམས་པ་རྣམས་ཀྱིས་དམ་བཅའ་འཇོག་དགོས། བོད་ ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ལ་ཆོས་ར་མར་གྲོལ་དང་ཆོས་མཚམས་ཉིན་བཞི་བཅུ་ཞེ་དྲུག་ཡོད། ཆོས་མཚམས་འདི་ཡི་སྐབས་ལོ་གསར་མ་ཤར་གོང་ཁམས་ཚན་སོ་སོར་རྣམ་འགྲེལ་དམ་བཅའ་དང་། བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དྲུག་དང་བདུན་གང་རུང་ལ་གྲྭ་ཚང་གི་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་པོ་དེ་ཚུགས་དགོས་པ་བཅས་སོ། །