༄༅།། དཔལ་ན་ལེནྡྲ་གཉིས་པ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་བྲིས་རྒྱུགས་དང་རྩོད་རྒྱུགས་བོད་རྒྱལ་ལོ་ ༢༡༤༤ ཟླ་ ༦ ཚེས་ ༡༩ དང་། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༡ རེས་གཟའ་པ་སངས་ཉིན་དབུ་འཛུགས་གནང་ཡོད་ཅིང་།དེ་ཡང་སྔར་སྲོལ་བཞིན་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་དུ་དངོས་སུ་ཞུགས་དགོས་པའི་སློབ་གཉེར་བ་ཉམ་ཐག་ནད་པ་དང་གྲྭ་ཚང་གི་ལས་སྣེ་འཁེལ་བ་འགའ་རེ་མ་གཏོགས་སློབ་གཉེར་བ་༼༡༨༢༠༽ལོ་འཁོར་རྒྱུགས་སྤྲོད་དུ་ཞུགས་ཡོད། རྒྱུགས་སྤྲོད་དངོས་གཞིའི་སྐབས་སུ། དང་པོར་བློ་འཛིན་ནམ་གཞུང་ཆེན་ཁག་གི་རྩ་འགྲེལ་སྐྱོར་རྒྱུགས་ཉིན་གསུམ་གྱི་རིང་ལ། དཔེ་ཁྲིད་དགེ་རྒན་དང་དགེ་བཤེས་རྣམ་པ། དགེ་བཤེས་ལས་ཐོག་པ་དང་འཛིན་དང་པོའི་འཛིན་གྲྭ་བཅས་ནས་ལེན་ཡོད་པ་དང་། དེ་རིང་ནས་ཞོགས་པ་གང་ཡིན་ལ་འཛིན་གྲྭ་སོ་སོའི་ཀ་སྡེ་སློབ་ཚན་རྩོད་གཞུང་ཁག་གི་བྲིས་རྒྱུགས་དང་། ཁ་སྡེ་སུམ་རྟགས་རྩ་འགྲེལ་དང་དག་ཡིག་ངག་སྒྲོན། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། རྒྱལ་རབས་ཆོས་འབྱུང་། སྙན་ངག་དང་རྟོགས་བརྗོད་བཅས་བྲིས་རྒྱུགས་ཁག་ལེན་རྒྱུ་དང་ཉིན་རྒྱབ་ནས་རྩོད་རྒྱུགས་ལེན་བཞིན་ཡོད་པ་དང་བྲིས་རྒྱུགས་ཆ་ཚང་ཚར་བ་དང་ཞོགས་པ་དང་ཉིན་གུང་། དགོང་མོ་བཅས་སུ་རྩོད་རྒྱུགས་གཏན་འཁེལ་བྱས་ཡོད། སྔར་རྒྱུན་བཞིན་འདི་ལོ་ཡང་རྩོད་རྒྱུགས་ཁག་བརྒྱད་དུ་ཆ་བགོས་ཀྱིས་གཙོ་བོར་དཔེ་ཁྲིད་དགེ་རྒན་དང་དགེ་བཤེས་ལྷ་རམས་པ། དེ་བཞིན་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་མཁན་ལྷ་རམས་མཐའ་མའི་འཛིན་གྲྭ་ལས་ཁག་གཅིག་སྟེ། ཁྱོན་བསྡོམས་རྩོད་རྒྱུགས་ཀྱི་ཨང་ཀི་སྤྲོད་མཁན་ཞལ་གྲངས་༼༣༢༽བསྐོ་གཞག་བྱས་ཡོད་པར་མ་ཟད་། སྐྱོར་རྒྱུགས་དང་། བྲིས་རྒྱུགས། རྩོད་རྒྱུགས་བཅས་ཀྱི་དུས་ཡུན་རིང་ལྟ་རྟོག་བྱེད་མཁན་འདི་ལོའི་རྒྱུགས་ཞིབ་ལྷན་ཁང་གི་རྒྱུན་ལས་རྣམ་པ་དང་། དགེ་བསྐོས་དང་ཆབ་རིལ། གྲྭ་ཚང་གི་ཁང་ཚན་ཉེར་ལྔའི་ཁང་རྒན་རྣམས་ཀྱང་ངེས་པར་དུ་ལྟ་རྟོག་དགོས་པ་ནི་སྔ་སྲོལ་བཞིན་གནས་པར་བྱས་ཡོད། དེ་བཞིན་དུ་འཛིན་སྐྱོང་ཕྱག་མཛོད་ཁང་དང་རྒྱུགས་སྤྲོད་ཚོགས་ཆུང་ནས་རྒྱུགས་སྤྲོད་སྐབས་སུ་འགྲོ་གྲོན་ཅི་དགོས་ཀྱི་ཐད་ལ་དགོས་མཁོ་དང་འཚམ་པའི་མཉམ་རུབ་གནང་བ་སོགས། མདོར་ན་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་ནས་རྟགས་རིག་འཛིན་གྲྭའི་བར་ཀྱི་དགེ་འདུན་པ་ཚོས་རྒྱུགས་སྤྲོད་ལ་ལུས་ངག་ཡིད་གསུམ་གྱིས་རང་འགན་རང་ཁུར་གྱིས་ཞབས་འདེགས་ཞུ་བཞིན་པ་བཅས་ཀྱིས་ཚ་ཚ་འུར་འུར་དུ་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་དབུ་འཛུགས་གནང་བཞིན་ཡོད།།
༄༅།། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་་་་་་་དེ་རིང་སྟེ་བོད་རྒྱལ་ལོ་༢༡༤༤ མེ་བྱ་ལོའི་བོད་ཟླ་༠༦ ཚེས་༡༦ ཕྱི་ལོ་༢༠༡༧ ཟླ་བ་༠༨ ཚེས་༠༨ གཟའ་མིག་དམར་ནས་ཉིན་གསུམ་རིང་གྲྭ་མང་ནས་ལོ་འཁོར་མོ་གཅིག་གི་རིང་ལ་གྲེ་བ་འཛར་འཛར་དང་དངུལ་ཆུ་ཟག་ཟག་གི་དཀའ་ལས་རྒྱག་སྟེ་བཟུང་བཞག་པའི་གཞུང་གསར་རྙིང་གི་གཞུང་ཚན་རྣམས་རྒྱུགས་བཞེས་པའི་མདུན་དུ་བློ་རྒྱུགས་འབུལ་རྒྱུ་དང་། རྒྱུགས་ལེན་པའི་རིམ་པ་ཡང་མཛོད་ལོ་རིམ་གཉིས་པ་ནས་དབུ་འཛུགས་ཏེ་མཛོད་ལོ་རིམ་དང་པོ་དང་འདུལ་བ་ལས་གཞི་འདུལ་བ་སྤང་ལྟུང་འདུལ་བ་ལྔ་ཕྲུགས་དེ་ནས་དབུ་མ་དང་ཕར་ཕྱིན་མཐའ་རྟགས་རིགས་བར་བསྡོམས་པའི་འཛིན་གྲྭ་བཅོ་བརྒྱད་ཀྱིས་བློ་རྒྱུགས་འབུལ་རྒྱུ་དང་། དེ་ནས་རིམ་གྱིས་ཉེས་འགག་ཚ་ཤོས་ཀྱི་བྲིས་རྒྱུགས་དང་ཞེད་ནག་ཚ་ཤོས་ཀྱི་རྩོད་རྒྱུགས་འབུལ་རྒྱུ་ཡིན་པ་དང་བཅས་སོ།
༄༅། །དེ་རིང་ཕྱི་ལོ་ ༢༠༡༧ ཟླ་བ་ ༠༧ ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་གུང་ཆུ་ཚོད་ ༣།༠༠ པའི་ཐོག མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་ཁོངས་གདན་ས་ཆེན་པོ་གཉིས་ཀྱི་གྲྭ་ཚང་བཞི་དང་། གཞན་ཡང་རིས་མེད་དགོན་སྡེ་ལྔའི་ཕྱག་མཛོད།
མཆོག་སྤྲུལ་འདི་ནི་མཁས་ཤིང་གྲུབ་པའི་དབང་ཕྱུག་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་མཆོག་གི་ཡང་སྲིད་སྐུ་འཕྲེང་བདུན་པ་ཡིན། མཁས་ཤིང་གྲུབ་པའི་དབང་ཕྱུག་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་མཆོག་ནི་སྤྱི་ལོ་བདུན་བརྒྱ་སྨད་ཙམ་དུ་མི་ཉག་འདྲ་སྟོད་ཀྱི་ཁྱིམ་ཚང་དབུལ་ཕོངས་ཞིག་ཏུ་འཁྲུངས། ནར་སོན་བ་དང་ར་ལུག་བ་གསུམ་གྱི་རྫི་བོ་མཛད། སྐབས་དེར་ར་ལུག་བ་སོགས་ཚུར་བསྡུས་མི་དགོས་པར་རྡོ་ཆེན་པོ་ཞིག་གི་སྒང་དུ་རྡེའུ་དཀར་ནག་ར་ལུག་སོགས་ཀྱི་གྲངས་དང་མཉམ་པ་བཀྲམས་ནས་རྡེའུ་དེ་དག་ཚུར་བསྡུས་བ་དང་ར་ལུག་སོགས་རང་བཞིན་གྱི་འཁོར་ཡོང་བའི་རྟགས་མཚན་དེ་འདྲ་བྱུང་། དེ་ཕྱིས་དབུས་སུ་ཕེབས་ནས་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་མི་ཉག་ཁང་ཚན་དུ་ཆོས་སྒོར་ཞུགས་ནས་གཞུང་ཆེན་ཁག་ལ་ཐོས་བསམ་མཛད་པ་དང་། གདན་ས་གསུམ་དུ་བཀའ་པོད་ལྔའི་གྲྭ་སྐོར་མཛད་ནས་གདན་ས་གསུམ་གྱི་དབུས་སུ་མཁས་པའི་སྙན་གྲགས་རབ་ཏུ་རྒྱས། དམ་པ་འདིས་སྐྱོར་སྦྱང་གི་སྐབས་དུར་བདག་ཕོ་མོ་གཉིས་ཡོང་ནས་བསྐོར་བ་ལན་གསུམ་བྱས་པ་དང་དུད་ཁྲོད་བདག་པོས་བདུད་རྩི་གང་བའི་ཐོད་པ་ཕུལ་བས་མཚན་མ་ཁྱད་པར་ཅན་བྱུང་། གཞན་ཡང་དམ་པ་འདིས་མི་ཉག་ཁམས་ཚན་གྱི་ཁམས་ཚན་རྒན་གནང་སྐབས་ཁང་པའི་ཟུར་ཞིག་ཏུ་གདུག་འདྲེ་མཐུ་ཅན་ཞིག་ཡོད་པ་དེ་དམ་ལ་བཏགས་པར་མཛད། མཁས་མང་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་སུ་དགེ་བཤེས་དམ་འཇོག་གི་གྲྭ་སྐོར་མཛད་ནས་མཁས་པའི་གྲགས་པས་ཁྱབ་པར་མཛད། དམ་འཇོག་མཛད་སྐབས་དམ་བཅའ་ཁྲིའི་གཡས་གཡོན་དུ་རྒྱ་གར་ཨ་ཙ་ར་གཉིས་ཀྱིས་ཕྱག་དཔེ་གཟིགས་འབུལ་ཞུས་པ་༧གོང་ས་ཐམས་ཅད་མཁྱེན་པ་སྐུ་འཕྲེང་བཅུ་པས་གཟིགས་སྣང་བྱུང་བ་གསུངས་པས་ལོ་རྒྱུས་ཡོད། དེའི་ཕྱིས་དམ་པ་འདིས་འདུལ་བྱ་དུ་མར་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པ་ནི་བོད་ཙམ་མ་ཡིན་པར་ཆེན་པོ་ཧོར་གྱི་ཡུལ་དུའང་གདན་ཞུས་བྱས་ནས་བསྟན་པ་དང་འགྲོ་བའི་དོན་དུ་ཕན་བདེ་རླབས་པོ་མཛད། དམ་པ་འདིའི་གསུངས་ལ་མཁས་མང་བློ་གསལ་གླིང་གི་རྟགས་རིགས་དང་གཞུང་ཆེན་ལྔའི་དྲིས་ལན་ད་ལྟའང་ཡིག་ཆར་ཞུགས་ནས་ཡོད། མདོར་ན་བསྟན་པའི་ཁུར་འཛིན་པའི་མཁས་གྲུབ་གྱི་སྐྱེས་ཆེན་འདིས་བོད་དང་ཧོར་གྱི་བསྟན་འགྲོའི་དོན་རླབས་ཆེན་མཛད་པ་ཡིན། བོད་ཁམས་མི་ཉག་འདྲ་ཡུལ་གྱི་རྣམ་རྒྱལ་བཤད་སྒྲུབ་གླིང་གི་དགོན་བདག་ཡང་སྲིད་སྐུ་འཕྲེང་བདུན་པ་སྤྲུལ་བསྟན་འཛིན་ཡེ་ཤེས་མཆོག་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་བཅུ་བཞི་པ་ཆེན་པོ་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཕྱག་རྟགས་གནང་དོན་བཞིན་བྱེས་ཀྱི་བོད་མི་གཞིས་སྡོད་རྒྱ་གར་ལྷོ་ཕྱོགས་བྷེལ་གོབ་གཞིས་ཆགས་སུ་ཡབ་བསྟན་འཛིན་དབྱིག་གཉེན་དང་ཡུམ་རྣམ་རྒྱལ་ཚེ་དབྱངས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྤྱི་ལོ་༢༠༡༧་ལོའི་ཟླ་བ་༧ པའི་ཚེས་༢༧ ཉིན་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་དང་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་སྒོའི་བསྙེན་བཀུར་ཟབ་རྒྱས་དང་། སྤྱི་ཚེས་༢༨ ཉིན་དཔལ་ལྡན་འབྲས་དཀར་སྤུངས་པའི་རྒྱལ་སྲས་བླ་སྤྲུལ་ཁག་དང་མཁན་ལས་ཟུར་དབུ་ཆོས་ལྷན་རྒྱས་གཙོས་ལས་བྱེད་ཡོངས་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་ཡོངས་ལ་གསོལ་ཚིགས་ཟབ་རྒྱས་འབུལ་བའི་མཛད་སྒོ་སོགས་བཀྲ་ཤིས་པའི་རྟེན་འབྲེལ་དང་བཅས་ལེགས་པར་གྲུབ། ད་ལྟར་བོད་ཡིག་འབྲི་ཀློག་དང་དག་ཆ་གཙོ་འཛིན་གྱི་སློབ་སྦྱོང་གནང་བཞིན་པ་མ་ཟད་སྐད་ཡིག་རིགས་གནས་ལའང་སློབ་སྦྱོང་གནང་མུས་སུ་མཆིས།
ཕྱི་ལོ་༢༠༡༧ཟླ་བ་༧ཚེས་༡༩ནས་ཕྱི་ཟླ་༨ཚེས་༤བར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་དད་ལྡན་རྣམས་ལ་བཀའ་ཆོས་དང་། བཀའ་དབང་སོགས་སྩལ་གནང་མཛད་རྒྱུ།།
བོད་རབ་བཅུ་བདུན་པའི་མེ་བྱ་བོད་ཟླ་ ༥ ཚེས་ ༨ དང་སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༧ སྤྱི་ཚེས་ ༡ ནས་ཉིན་བཞིའི་རིང་གཙུག་ལག་ཁང་གསར་པའི་ནང་དུ་འཛིན་དང་པོའི་དོགས་གཅོད་ཚོགས་ཤིང་། བློ་གླིང་གྲྭ་ཚང་གི་སྔོན་བྱོན་སྐྱེས་མཆོག་སྡེ་སྣོད་གསུམ་ལ་སྦྱངས་པ་མཐར་ཐུག་ཡོད་པའི་མཁས་པའི་དབང་པོ་ཚོའི་བཞེད་སྲོལ་འཛིན་དང་པོའི་དོགས་གཅོད་ལོ་སྟར་ཆགས་ཚོགས་བཞིན་པ་དེ། དགེ་བཤེས་ལས་ཐོག་ཚོས་འགན་འཁུར་འོག་མཛོད་འདུལ་དང་། དབུ་མ། ཕར་ཕྱིན། དྲང་ངེས་ལེགས་བཤད་སྙིང་པོ། ཚད་མ་རྣམ་འགྲེལ། བཅས་ལ་དོགས་གཅོད་ཚོགས་བཞིན་ཡོད་ཅིང་། དོགས་གཅོད་ཚོགས་སྐབས་གྲྭ་ཚང་གི་མཁན་མཁན་ཟུར་དང་། དཔེ་ཁྲིད་དགེ་རྒན་རྣམ་པ་བཅས་གདན་འཛོམས་པའི་དབུས་སུ། ཚོགས་ལང་པ་གཉིས་དམ་བཅའ་བཞུགས་ཏེ། མཛོད་འདུལ་འཛིན་གྲྭས་མཛོད་འདུལ་གྱི་མུ་བཞི་ཆེན་མོ་ཟླ་བ་མང་པོའི་རིང་བཟོས་པ་དེ་མུ་བཞི་བསྒྲིག་ནས་རྩིས་སྤྲོད་པ་དང་སྦྲགས་དོགས་གཅོད་ཉིན་བཞིའི་རིང་གནང་ཡོད་པ་བཅས།
༈ བོད་རྒྱལ་ལོ་ ༢༡༤༤ རབ་བྱུང་བཅུ་བདུན་པའི་མེ་བྱ་བོད་ཟླ་ ༤ པའི་ཚེས་ ༢༣ ཕྱི་ལོ་ ༢༠༡༧ ཟླ་བ་ ༠༦ ཚེས་ ༡༧ རེས་གཟའ་སྤེན་པ་ཉིན། དཔལ་ན་ལེནྜ་གཉིས་པར་གྲགས་པ་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འདུས་མང་སྟོང་ཕྲག་གདན་འཛོམས་པའི་དབུས་སུ་ད་བར་གྲྭ་ཚང་འདི་ཉིད་ཀྱི་ཆེད་དུ་ལོ་ངོ་ཧྲིལ་པོ་བཅུ་སོང་བ་དང་དང་དེ་ཡན་གྱི་སྲི་ཞུའི་ཞལ་འདེབས་བསྒྲུབས་དང་སྒྲུབ་བཞིན་པའི་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་མཆོག་དང་། དེ་བཞིན་གནས་བརྟན་བགྲེས་སོང་གཙོས་སྲི་ཞུ་བ་སེར་སྐྱ་བརྒྱ་ཕྲག་བརྒལ་བ་ཞིག་ལ། འབྲས་བློ་གླིང་གྲྭ་ཚང་གི་ངོས་ནས་བཀའ་དྲིན་རྗེས་དྲན་དང་ཆེ་བསྟོད་ཞུས་ཤིང་། ཁོང་རྣམས་ལ་རིམ་པས་སྲི་ཞུའི་གཟེངས་བསྟོད་ཕྱག་ཁྱེར་དང་། ཐུགས་རྗེ་ལེགས་འབུལ་བཅས་འབུལ་གནང་གིས་མཛད་སྒོ་ཚོགས་ཡོད་པ་བཅས།།
དཔྱིད་ཆོས་གསུམ་པ་སྟོང་ཉིད་ཆོས་རའི་ནང་ལོ་ལྟར་སྐྱབས་རྗེ་མཁན་རིན་པོ་ཆེ་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ཁྲིད་ཐོག་གསུང་ཆོས་ཆེན་མོ་དེ་གནང་རྒྱུ་ཡིན།དེ་ཡང་ཉིན་ཆོས་ཚུགས་ཟིན་པ་དང་། ཆབ་རིལ་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་ཡང་སྟེང་གཟིམ་ཆུང་ནས་གདན་དྲངས་ཏེ་ཆོས་རའི་ནང་བཞུགས་ཁྲིར་འཁོད་པ་དང་གྲྭ་མང་གིས་གུས་ཕྱག་སྔོན་དུ་བཏང་སྟེ་གསུང་ཆོས་ཀྱི་གྲལ་དུ་འཁོད་ཅིང་། མཁན་རིན་པོ་ཆེ་ནས་ཤེར་སྙིང་དང་། སེང་གདོང་མ་སོགས་གསུངས་ཏེ་གསུང་ཆོས་ཀྱི་སྔོན་འགྲོ་སྤྱི་མཚུངས་ལྟར་དང་། ལམ་རིམ་བླ་བརྒྱུད་གསོལ་འདེབས་ལམ་མཆོག་སྒོ་འབྱེད་དང་། ཡོན་ཏན་གཞིར་གྱུར་མ་སོགས་འདོན་ཞིང་གསུང་ཆོས་ཞུ་ཡོན་གྱི་མཎྜལ་རྒྱས་པ་འདོན་དགོས། དེའི་ཚེ་བླ་མ་གཞུང་ལེན་པས་རྟེན་གསུམ་མནྜལ་འདེགས་འབུལ་ཞུ་དགོས། གསུང་ཆོས་ཉིན་གསུམ་མམ་བདུན་གྱི་རིང་གནང་སྟེ། མཁན་ཐོག་ལོ་དྲུག་གི་རིང་དུ་སྲོད་ཆོས་ལ་ལམ་རིམ་བདེ་ལམ་ཆ་ཚང་དང་། སྟོང་ཉིད་ཆོས་རའི་སྐབས་ནས་ལམ་རིམ་ཆེན་མོ་ཆ་ཚང་ཞིག་གནང་དགོས་པའི་གལ་ཆེ་བའི་ཆོས་ཀྱི་བྱེད་སྒོ་ཞིག་ཡིན།