བོད་རྒྱལ་ལོ་ ༢༡༤༣ བོད་ཟླ་ ༩ ཚེས་ ༦ ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༥ ཉིན་གྱི་སྔ་དྲོར་ཁྲི་ཟུར་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགོན་སྡེ་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་ཕྱག་མཛོད་རྣམ་པ། དམིགས་བསལ་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གཙོས་ས་གནས་འགན་འཛིན་མཆོག་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ལས་བྱེད་རྣམ་པ་བཅས་ནས་དགའ་ལྡན་བླ་སྤྱི་དང་ཁྲི་ཐོག་ཁང་གཉིས་ལ་༧སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་རབས་ ༡༠༣ ལ་མངའ་གསོལ་བའི་ཁྲི་སྟོན་མཛོད་སྒོ་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཟབ་རྒྱས་ཤིག་ཕུལ་གནང་བ་དང་། ཕྱི་ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་སྒོ་བློ་གྲྭ་ཚང་གཉིས་ཀྱི་མཁན་ལས་ཟུར་རྣམ་པ་གཙོས་རྒྱལ་སྲས་བློ་སྤྲུལ་ཁག་དང་དབུ་ཆོས་རྣམ་པ། འདུས་མང་བཅས་ནས་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ཕེབས་སྟོན་མཛད་སྒོ་གནང་བ་བཅས།
གནའ་དེང་གི་གཙུག་ལག་རིག་གནས་ཙམ་དུ་མ་ཟད་ཚན་འཕྲུལ་རིག་རྩལ་སོགས་ལ་གཟིགས་རྒྱ་ཤིན་ཏུ་ཆེ་བའི་འབྲས་བློ་གླིང་ཁྲིམས་བདག་དགེ་བསྐོས། ལྷ་རམ་པ་དམ་ཆོས་རྒྱལ་མཚན་མཆོག༢༠༡༦ / ༡༠/ཚེས་༡༧/རེས་གཟའ་ཟླ་བ་ཉིན། གུང་གསེང་དང་སྟབས་བསྟུན་ནས་མོན་གྷོ་འབྲིང་རིམ་གཏན་ཉིན་སློབ་གྲྭའི་སློམ་མ་རྣམས་ལ་འཛམ་གླིང་སྤྱིའི་བདེ་དོན་དེ་བོད་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གཞུང་ལ་རག་ལས་པ་༧ལྷ་མི་རྣམ་འདྲེན་རྒྱལ་བའི་དབང་པོ་མཆོག་གིས་གསུངས་ཡོད་སྟབས། ང་ཚོའི་བོད་ཀྱི་མ་འོངས་སོན་རྩ་ད་ཡོད་ཀྱི་སློབ་མ་ཚོས་དེའི་ཐོག་ཏུ་བཅོས་མིན་གྱི་འགན་འཁྲི་དམིགས་བསལ་ལེན་དགོས་ཚུལ་དང་འབྲེལ་ཏེ། དེང་དུས་སྤྱི་ཚོགས་སུ་ཡ་རབ་བཟང་སྤྱོད་ཀྱི་དམིགས་དཔེ་ཇི་ལྟར་འཇོགས་དགོས་ཚུལ་ལས་འཕྲོས་ཏེ་གནད་དུ་སྨིན་པའི་དུས་ལས་གཡོ་བ་མེད་པའི་ཆར་ཆུ་ལྟར་ལམ་སྟོན་བཀའ་སློབ་ཟམ་པོ་གནང་ཡོད
༄༅། །ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༡༥ རེས་གཟའ་སྤེན་པའི་དགོང་དྲོར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་འབྲས་ཚོགས་ཡོངས་སུ་གསལ་བསྒྲགས་བསྐྱངས་ཏེ་གྲྭ་ཚང་གི་ཕྱག་མཛོད་ཁང་དང་། རྒྱུགས་ཞིབ་ལྷན་ཁང་ནས་ལེགས་གསོལ་འབུལ་ལམ་ཞུས་ཡོད་ཅིང་། འདི་ལོའི་བློ་གླིང་གྲྭ་ཚང་གི་རྒྱུགས་ཁོངས་སུ་ཞུགས་པའི་ཆ་རྐྱེན་ཚང་བའི་རྒྱུགས་ཞུགས་པ་རྟགས་རིགས་འཛིན་གྲྭ་གཅིག་དང་། ཕར་ཕྱིན་འཛིན་གྲྭ་བདུན། དབུ་མ་འཛིན་གྲྭ་གསུམ། འདུལ་བ་འཛིན་གྲྭ་གསུམ། མཛོད་འཛིན་གྲྭ་གཉིས། གསང་སྔགས་འཛིན་གྲྭ་གསུམ་བཅས་ལ་ཁྱོན་ཡོངས་ཀྱི་གྲངས་འབོར་ ༡༥༡༥ མ་ཟིན་ཙམ་བྱུང་ཡོད་པ་དང་། འཛིན་གྲྭ་ཁྱོན་ཡོངས་ནང་བརྒྱ་ཆ་ ༦༦ ལོན་པའི་ཨང་རིམ་དང་པོ་གྲངས་ ༨༤༡ དང་། བརྒྱ་ཆ་ ༦༥ མན་ཆད་ཨང་རིམ་གཉིས་པ་དང་། གསུམ་པའི་བར་ན་གྲངས་ ༥༠༤ བྱུང་ཡོད། རྩ་བའི་ཆ་ནས་རྒྱུགས་ཚད་མ་ལོན་ ༥༤ བྱུང་ཡོད་པའི་ནང་ནས་བསྐྱར་རྒྱུགས་ཀྱི་བརྒྱ་ཆ་ལོན་པའི་གྲངས་འབོར་མང་བ་བྱུང་ཡོད་པ་དང་། གྲྭ་ཚང་འདི་ཉིད་ཀྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་སྦྱོར་དངོས་མཇུག་གསུམ་འཐུས་སྒོ་ཚང་བ་སྒྲིག་གཞིའི་ལམ་ནས་གཏན་འབེབས་དང་ལག་བསྟར་བྱས་ཏེ། ད་བར་ལོ་ངོ་ ༢༦ ཙམ་འགྲོ་ཟིན་པ་བཅས་ཀྱི་གནས་བསྡུས་སུ།
༼ མྱ་ངན་ཞུ་འཕྲིན ༽ ཕྱི་ལོ་༢༠༡༦ ཟླ་བ་༠༩ ཚེས་༡༩ རེས་གཟའ་ཟླ་བའི་ཉིན། གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁས་པའི་དབང་ཕྱུག་རྗེ་བཙུན་བློ་བཟང་རྒྱ་མཚོ་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཞི་བར་གཤེགས་པར་འབྲས་བློ་གླིང་གྲྭ་ཚང་གི་འདུས་མང་སྤྱི་དང་། གང་ཉིད་ཀྱི་སློབ་བུའི་ཚོགས་བཅས་ལ་གྱོང་གུད་གསུབ་ཏུ་མེད་པ་གཅིག་བྱུང་བར་བློ་ཕམ་ཚད་མེད་སྐྱེ་གཞིར་གྱུར་ཅིང་། སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཟུར་རིན་པོ་ཆེས་གྲྭ་ཚང་འདི་ཉིད་ལ་བསྐྱངས་བའི་བཀའ་དྲིན་གཞལ་དཀའ་བ་རྣམས་འདུས་མང་ཡོངས་ཀྱིས་སྙིང་ལ་བཅངས་ཏེ་མཁན་ཟུར་རིན་པོ་ཆེའི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པ་གྱུར་པར་མི་དང་མི་མིན་སོགས་ཀྱི་བར་ཆད་ཅི་མཆོས་དམིགས་མེད་དུ་ཞི་བར་མཆོག་གསུམ་གསོལ་འདེབས་ཐུགས་སྨོན་མཚམས་སྦྱོར་བཅས།འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཕྱི་ལོ་ ༢༠༡༦ ཟླ་བ་ ༠༩ ཚེས་ ༢༠ ཉིན།
ང་ཚོ་གདན་ས་ཆེན་མོ་འདིར་སློབ་གཉེར་པའི་ཁོར་ཡུག་ངོ་མ་དེ། རིགས་ལམ་གི་ཐོག་ནས་ཡོང་གི་ཡོད་དགོས་པ་ལས། གཏོར་བཅའ་རྔ་རྡུང་གི་ཆོ་ག་ཁོ་ནའི་ལམ་ནས་རིགས་ལམ་རྙེད་མི་སྲིད་ལ། དཔལ་ན་ལེནྜའི་སྟན་པ་དྲི་མ་མེད་པ་ཉིད་འཛིན་མི་ཐུབ་པས། རིགས་ལ་ཉུང་ཕྲི་དང་། བཅོས་བསྒྱུར་གལ་ཆེ་ལ། ང་ཚོས་ཁོར་ཡུག་འདིར་གསར་རྙིང་གི་ལེགས་ཉིས་དག་སྙིགས་དོར་བཅུད་ལེན་བྱེད་དགོས་པ་ལས། དུས་རབས་ཀྱིས་སྒྱུར་པའི་དགོས་མེད་གནའ་སྲོལ་དག་། ཨུ་ཚུགས་བྱས་ན་ཕམ་ཁ་དང་། གྱོང་གུད་ལས་ཅི་ཡང་མི་ཡོང་ལ། མཁས་དབང་དགེ་ཆོས་ཀྱི་དེབ་ཏུ། རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།། གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་བལྟ།། ཞེས་གསུངས་པ་དེ་དྲན་དུས་དགོས་མེད་རྙིང་སྲོལ་འགའ་བཅོས་བསྒྱུར་གཏོང་དགོས་པ་དེ། ད་ལམ་ཡང་ཡང་ཡིད་ལ་དྲན་དགོས་པའི་རྒྱུ་མཚན་གསུངས། ལྷག་ཏུ་གྲྭ་ས་ཆེན་མོ་འདིར། གཞིས་དགོན་གྱི་རང་གཟུགས་ཚོགས་རྐྱང་རྐྱང་འཚོགས་པའི་རྣམ་པ་མ་ཡིན་པར། ཤེས་ཡོན་གྱི་བསྟི་གནས་ཅིག་གི་རྣམ་པ་བསྟན་ཐུབ་དགོས། དེ་ཡང་འཛམ་གླིང་ཤར་ནུབ་ཀྱི་མཁས་པའི་འགྲོས་དང་བསྟུན་ནས། བར་སྐབས་ཆོས་མཚམས་ཁག་ཏུའང་། གཞུང་ཆེན་བཀའ་པོད་ལྔ་སོགས་ཀྱི་བགྲོ་གླེང་གི་རྣམ་པ་སྟེང་ནས་འབུར་དུ་ཐོན་པར་བྱེད་དགོས། ཐ་ན་དགོན་པའི་གཙུག་ལག་ཁང་དང་། ཁམས་ཚན་སོ་སོའི་ཁྱམས་རའི་སྒོའི་ཁ་བྱང་ཚུན་ཆེད་དུ། སློབ་གཉེར་ཁང་ཞིག་ཡིན་པའི་ཚོར་སྣང་སྦྱིན་པའི་ཁ་བྱང་བཀོད་ན། གཞན་གྱི་ཡིད་ལ་དྭངས་བ་འདྲེན་པ་དང་། སྔོན་གྱི་ན་ལེནྜའི་ཚབ་མཚོན་པ་སོགས་བསྟན་པའི་མིག་རྒྱན་དུ་འགྲོ་བར་ཕན་རླབས་ཆེ་ལ། གཞན་དུ་ཆོ་ག་ཙམ་གྱི་འཚོགས་རྐྱང་རྐྱང་འཚོགས་ས་དང་། གཏོར་འཕེན་རྔ་རྡིང་གི་རྣམ་པ་གཅིག་གི་རང་གཟུགས་འདྲ་བསྟན་ནས་བསྡད་ན། ང་ཚོ་གང་ཡང་མི་ཡོང་ལ། མ་ཟད་བླ་མའི་ཆོས་ལུགས་ཅེས་པའི་མིང་ངན་དེའང་ང་ཚོའི་མགོ་ལ་གཡུགས་སྲིད། དེས་ན་ང་ཚོས་བླ་མའི་ཆོས་ལུགས་སུ་མ་སོང་བར། རིགས་པ་ཡང་དག་གི་སྒོ་ནས་སངས་རྒྱས་ཆོས་ལུགས་ངོ་མ་ཡི་རྣམ་པ་ཞིག་འཆང་དགོས་པ་དེ། ཅང་ནས་གལ་ཆེ་བ་རེད་ཅེས་གསུངས་སོང་།།སྤྱི་ལོའི༢༠༡༦ ཟླ་བ་ ༩ ཚེས་ ༡༡ དགུང་མོར།
དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་དང་། སྦེང་ལོར་བོད་ཁྱིམ་སྡོད་ཁང་གཉིས་ཟུང་འབྲེལ་ཐོག་ནང་ཆོས་གོ་རྟོགས་འཕེལ་བའི་ལས་གཞི་གཏན་འབེབས་བྱས་པ་བཞིན། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁས་པའི་དབང་པོ་ལྷ་རམས་པ་ལྷོ་པ་དགེ་བཤེས་ཡེ་ཤེས་ལྷུན་གྲུབ་མཆོག་ཆེད་ཕེབས་གནང་སྟེ། ཟླ་འདིའི་ཚེས་༦་རེས་གཟའ་མིག་དམར་ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་S.t. Joseph College ནང་དུ་ནང་པའི་ལྟ་གྲུབ་སྐོར་གསུང་བཤད་སྐབས་དང་། དགོང་དྲོ་ཆུ་ཚོད་༦།༣༠ ཐོག་བོད་ཁྱིམ་ཚོགས་ཁང་ནང་དུ་སློབ་ཕྲུག་ཡོངས་ལ་སྟོང་ལོ་གསར་པའི་ནང་བླང་དོར་བྱ་ཕྱོགས་སྐོར་བསླབ་བྱ་དང་འབྲེལ་བའི་ཐོག་ནས་གསུང་བཤད་གནང་བཞིན་པ། །
རེས་གཟའ་མིག་དམར་ནས་ཞོགས་པ་གང་ཡིན་ལ་འཛིན་གྲྭ་སོ་སོའི་ཀ་སྡེ་སློབ་ཚན་རྩོད་གཞུང་ཁག་གི་བྲིས་རྒྱུགས་དང་།ཁ་སྡེ་སུམ་རྟགས་རྩ་འགྲེལ་དང་དག་ཡིག་ངག་སྒྲོན། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། རྒྱལ་རབས་ཆོས་འབྱུང་། སྙན་ངག་དང་རྟོགས་བརྗོད་བཅས་བྲིས་རྒྱུགས་ཁག་ལེན་བཞིན་པ་དང་། ཉིན་རྒྱབ་ནས་རྩོད་རྒྱུགས་ལེན་བཞིན་ཡོད བྲིས་རྒྱུགས་ཆ་ཚང་ཚར་བ་ནས་ཞོགས་པ་དང་ཉིན་གུང་། དགོང་མོ་བཅས་སུ་རྩོད་རྒྱུགས་ལེན་བཞིན་པའོ། སྔར་རྒྱུན་བཞིན་འདི་ལོ་ཡང་རྩོད་རྒྱུགས་ཁག་བརྒྱད་དུ་ཆ་བགོས་ཀྱིས་གཙོ་བོར་དཔེ་ཁྲིད་དགེ་རྒན་དང་དགེ་བཤེས་ལྷ་རམས་པ། དེ་བཞིན་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་མཁན་ལྷ་རམས་མཐའ་མའི་འཛིན་གྲྭ་ལས་ཁག་ཅིག་སྟེ། ཁྱོན་བསྡོམས་རྩོད་རྒྱུགས་ཀྱི་ཨང་ཀི་སྤྲོད་མཁན་ཞལ་གྲངས་(༣༢)བསྐོ་གཞག་བྱས་ཡོད་རེད།
བློ་རྒྱུགས་ལེན་མཁན་དཔེ་ཁྲིད་དགེ་རྒན་དང་དགེ་བཤེས་རྣམ་པ། དགེ་བཤེས་ལས་ཐོག་བཅས། བཙན་བྱོལ་ནང་གི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ། བོད་རྒྱལ་ལོ་ ༢༡༤༣ ཟླ་ ༦ ཚེས་ ༡༦ དང་། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༩ རེས་གཟའ་པ་སངས་ཉིན་དབུ་འཛུགས་གནང་ཡོད་ཅིང་། དེ་ཡང་སྔར་རྒྱུན་བཞིན་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་དུ་དངོས་སུ་ཞུགས་དགོས་པའི་སློབ་གཉེར་བ་ཉམ་ཐག་ནད་པ་དང་གྲྭ་ཚང་གི་ལས་སྣེ་འཁེལ་བ་འགའ་རེ་མ་གཏོགས་སློབ་གཉེར་བ་(༡༨༢༠)ལོ་འཁོར་རྒྱུགས་སྤྲོད་དུ་ཞུགས་ཡོད། རྒྱུགས་སྤྲོད་དངོས་གཞིའི་སྐབས་སུ། དང་པོར་བློ་འཛིན་ནམ་གཞུང་ཆེན་ཁག་གི་རྩ་འགྲེལ་སྐྱོར་རྒྱུགས་ཉིན་གསུམ་གྱི་རིང་ལ། དཔེ་ཁྲིད་དགེ་རྒན་དང་དགེ་བཤེས་རྣམ་པ། དགེ་བཤེས་ལས་ཐོག་པ་དང་འཛིན་དང་པོའི་འཛིན་གྲྭ་བཅས་ནས་ལེན་རྒྱུ་ཡིན་པ་དང་། རེས་གཟའ་མིག་དམར་ནས་ཞོགས་པ་གང་ཡིན་ལ་འཛིན་གྲྭ་སོ་སོའི་ཀ་སྡེ་སློབ་ཚན་རྩོད་གཞུང་ཁག་གི་བྲིས་རྒྱུགས་དང་། ཁ་སྡེ་སུམ་རྟགས་རྩ་འགྲེལ་དང་དག་ཡིག་ངག་སྒྲོན། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། རྒྱལ་རབས་ཆོས་འབྱུང་། སྙན་ངག་དང་རྟོགས་བརྗོད་བཅས་བྲིས་རྒྱུགས་ཁག་ལེན་རྒྱུ་དང་ཉིན་རྒྱབ་ཏུ་རྩོད་རྒྱུགས་ལེན་གཏན་འཁེལ་འདུག བྲིས་རྒྱུགས་ཆ་ཚང་ཚར་བ་དང་ཞོགས་པ་དང་ཉིན་གུང་། དགོང་མོ་བཅས་སུ་རྩོད་རྒྱུགས་གཏན་འཁེལ་བྱས་ཡོད། སྔར་རྒྱུན་བཞིན་འདི་ལོ་ཡང་རྩོད་རྒྱུགས་ཁག་བརྒྱད་དུ་ཆ་བགོས་ཀྱིས་གཙོ་བོར་དཔེ་ཁྲིད་དགེ་རྒན་དང་དགེ་བཤེས་ལྷ་རམས་པ། དེ་བཞིན་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་མཁན་ལྷ་རམས་མཐའ་མའི་འཛིན་གྲྭ་ལས་ཁག་ཅིག་སྟེ། ཁྱོན་བསྡོམས་རྩོད་རྒྱུགས་ཀྱི་ཨང་ཀི་སྤྲོད་མཁན་ཞལ་གྲངས་(༣༢)བསྐོ་གཞག་བྱས་ཡོད་པར་མ་ཟད་། སྐྱོར་རྒྱུགས་དང་། བྲིས་རྒྱུགས། རྩོད་རྒྱུགས་བཅས་ཀྱི་དུས་ཡུན་རིང་ལྟ་རྟོག་བྱེད་མཁན་འདི་ལོའི་རྒྱུགས་ཞིབ་ལྷན་ཁང་གི་རྒྱུན་ལས་རྣམ་པ་དང་། དགེ་བསྐོས་དང་ཆབ་རིལ། གྲྭ་ཚང་གི་ཁང་ཚན་ཉེར་ལྔའི་ཁང་རྒན་རྣམས་ཀྱང་ངེས་པར་དུ་ལྟ་རྟོག་དགོས་པ་ནི་སྔ་སྲོལ་བཞིན་གནས་པར་བྱས་ཡོད། དེ་བཞིན་དུ་འཛིན་སྐྱོང་ཕྱག་མཛོད་ཁང་དང་རྒྱུགས་སྤྲོད་ཚོགས་ཆུང་ནས་རྒྱུགས་སྤྲོད་སྐབས་སུ་འགྲོ་གྲོན་ཅི་དགོས་ཀྱི་ཐད་ལ་དགོས་མཁོ་དང་འཚམ་པའི་མཉམ་རུབ་གནང་བ་སོགས། མདོར་ན་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་ནས་རྟགས་རིག་འཛིན་གྲྭའི་བར་ཀྱི་དགེ་འདུན་པ་ཚོས་རྒྱུགས་སྤྲོད་ལ་ལུས་ངག་ཡིད་གསུམ་གྱིས་རང་འགན་རང་ཁུར་གྱིས་ཞབས་འདེབས་ཞུ་བཞིན་པ་བཅས་ཀྱིས་ཚ་ཚ་འུར་འུར་དུ་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་དབུ་འཛུགས་གནང་བཞིན་ཡོད།།
སྤྱི་ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཕྱག་ཚོད་༢།༣༠ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ཆོས་ར་གསར་པ་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་ཟིན་པ་དབུ་འབྱེད་རབ་གནས་མཛད་པ་དང་འབྲེལ་བཀའ་སློབ་བཀའ་དྲིན་སྩལ་ཅིང་། དེ་ཡང་དབུ་འབྱེད་མཛད་སྒོར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། འབྲས་སྤུངས་ཁྲི་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ མཆོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་རྣམ་པ །ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག་ལྷོ་སྤྱི་དང་ས་གནས་འགོ་འཛིན། གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་སེར་སྐྱ་མི་མང་བཅས་ཚང་འཛོམས་ཐོགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཀ༽ནཱ་ལེནྡྲའི་བཞེད་གཞུང་དང་། ཐུན་མིན་གྱི་གཟི་བརྗིད།མཁས་མང་བློ་གསལ་གླིང་གྲྭ་ཚང་གི་ཆོས་ར་གསར་པ་ད་ཆ་ཕྱི་ཡི་གནམ་གཤིས་ལ་དེ་ཙམ་བསྟུན་མི་དགོས་པ་ཧ་ཅང་ཡག་པོ་བྱུང་འདུགདེ་རིང་ཆོས་ར་སྒོ་འབྱེད་དང་སྦྲགས་འདི་ལྟར་ཤོག་ཅེས་གསུངས་པ་རེད། ཁྱེད་རང་ཚོས་ལས་ཀ་རུ་ངར་པོ་དང་ཧ་ཅང་སྤུས་དག་པོ་བཟོས་འདུག་ལ། དེ་རིང་འདིར་ཁྱེད་རང་ཚོས་གྲ་སྒྲིག་ཀྱང་ཧ་ཅང་ཡག་པོ་བྱས་འདུག་པས་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན། གོང་དུ་མཁན་པོའི་གསུང་བཤད་ནང་གསུངས་སོང་ལ། ངོས་རང་བཙན་བྱོལ་བ་ཆགས་ནས་ལོ་ངོ་འདི་དག་གི་རིང་འཛམ་བུ་གླིང་གི་ནང་པའི་ཡུལ་གྲུ་ཁག་གི་མཁས་དབང་མང་པོ་ཞིག་དང་མཇལ་འཕྲད་བྱུང་བ་དེ་དག་ལ་ཕྱོགས་བསྡོམས་རྒྱག་སྐབས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱི་གཞུང་ཧ་ལམ་ཆ་ཚང་ལྟ་བུར་སློབ་གཉེར་བྱེད་པ་དང་། སློབ་གཉེར་དེ་ཡང་ཚིག་འགྲེལ་རྐྱང་པ་མ་ཡིན་པར་རྩ་བ་བློ་ལ་འཛིན། འགྲེལ་པའི་ཐོག་ནས་ཚིག་རེ་རེ་བཞིན་ངོ་སྤྲོད་དང་། དེ་ཡང་ངོ་བོ་དང་། དབྱེ་བ། ས་ལམ་སོགས་ཀྱི་ཐོག་ནས་ཞིབ་ཚགས་པོས་འགྲེལ་བཤད་འཆད་ཉན་བྱེད་པ་དང་། འགྲེལ་བཤད་གཅིག་པུ་མིན་པར་ཆོས་རའི་ནང་དུ་ཚད་མ་རིག་པའི་རིགས་ལམ་ལ་བརྟེན་ནས་གཞུང་དོན་གཏན་ལ་འབེབས་རྒྱུ་ཡོད་པ་འདི་དག་ནི་ང་ཚོ་བོད་གཅིག་པུར་མ་གཏོགས་མི་འདུག་སྔར་ཡིན་ན་ཆེན་པོ་ཧོར་གྱི་ཡུལ་གྲུ་དེ་དག་ཏུ་བོད་ནས་སངས་རྒྱས་ཀྱི་བསྟན་པ་དར་བའི་རྐྱེན་གྱིས་ཆེན་པོ་ཧོར་གྱི་ཡུལ་ཁག་ཏུ་དངོས་གནས་མཁས་པའི་དབང་པོ་མང་པོ་བྱོན་ཡོད་ལ། སློབ་གཉེར་ལ་ཆ་མཚོན་ནའང་དངོས་གནས་རྩེར་མོར་སོན་པ་མང་པོ་བྱུང་ཡོད། དེ་དག་གིས་དངོས་གནས་ལེགས་བཤད་རྨད་དུ་བྱུང་བའི་ཡིག་ཆ་མང་པོ་བརྩམས་ཡོད་ཀྱང་དེ་དག་ཉམས་ཟིན་པ་རེད། ད་ཆ་གཞི་ནས་བསྟན་པ་སླར་གསོར་འབད་བརྩོན་བྱེད་བཞིན་ཡོད། འདི་ཕྱོགས་དཔེར་ན་སེ་འབྲས་དགའ་གསུམ་གྱི་གྲྭ་རྒྱུན་གང་ལ་གང་འཚམ་ཡོང་གི་ཡོད། དེར་བརྟེན་དེ་ལྟར་བདག་པོ་རྒྱག་མཁན་བོད་གངས་ཅན་གཅིག་པུ་མ་གཏོགས་མེད་པ་ལྟ་བུ་རེད་འདུག གཉིས་ནས་ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། ང་རང་ཚོས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་འཆད་ཉན་གྱི་ཐོག་ནས་གཏན་ལ་འབེབས་སྐབས་སྐད་ཡིག་དེ་ཡང་སོ་སོའི་རང་སྐད་ཀྱི་ཐོག་ནས་འཆད་ཉན་བྱེད་ཐུབ་པ་ཞིག་དང་། དེ་ཡང་ཕྱོགས་གཅིག་ནས་གཞུང་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ཧ་ཅང་རླིངས་པོ་ཡོད་པའི་རིགས་རྣམས་ཀྱང་བོད་སྐད་ཀྱི་ཐོག་ནས་གོ་བ་ཇི་མ་ཇི་བཞིན་སླེབས་ཐུབ་པ་དང་། དེ་ཡང་རིགས་ལམ་གྱི་སྟེང་ནས་གཏན་ལ་འབེབས་སྐབས་ཧ་ཅང་ཞིབ་ཚགས་པོའི་ཐོག་ནས་ངོ་སྤྲོད་བྱེད་ཐུབ་པ་ཞིག་ཆགས་ཡོད། དེ་ནི་ང་ཚོ་བོད་པ་གཅིག་པུའི་ཆོས་དང་རིག་གཞུང་གི་སྐད་ཆ་མིན་པར་འཛམ་བུ་གླིང་སྤྱིའི་སངས་རྒྱས་པའི་ཆོས་ཉམས་པ་སོར་ཆུད་དང་།མི་ཉམས་གོང་འཕེལ་བྱེད་རྒྱུའི་འགན་འཁྲི་ཡོད་པ་ཞིག་ཀྱང་རེད་འདུགདེ་རིང་ངོས་ནས་བརྗོད་པ་ལྟར་དེང་སྐབས་རྒྱ་ནག་ནང་མི་འབོར་དུང་ཕྱུར་བཅུ་གསུམ་བཅུ་བཞི་ཡོད་པའི་ནང་ནས་དུང་ཕྱུར་བཞི་ཙམ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཆགས་ཡོད་ལ། ད་དུང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ལོ་རྒྱུས་ཐོག་ནས་རྒྱ་ནག་ནི་ནང་པའི་ལུང་པ་ཆགས་ཡོད་སྟབས་ནང་ཆོས་ལ་དོ་སྣང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་གཅིགགཉིས་ནས་དོ་སྣང་ཡོད་མཁན་ཚོས་བོད་ཀྱི་ནང་ཆོས་དེ་ཁུངས་ཐུབ་ཡིན་པ་ཞིག་ལ་གཞི་ནས་ངོས་འཛིན་བྱེད་བཞིན་ཡོད་པ་ལྟ་བུ་ཞིག་ཆགས་འདུགདེར་བརྟེན་འདི་གར་སློབ་གཉེར་བྱེད་མཁན་དེ་དག་གིས་འཛམ་བུ་གླིང་འདིའི་སྟེང་ལ་ཡོད་པའི་སངས་རྒྱས་བསྟན་པ་སྤྱི་དང་། ལྷག་པར་དུ་ཡང་ལེགས་སྦྱར་གྱི་ཆོས་བརྒྱུད་དམ་དཔལ་ནཱ་ལེནྡྲའི་ནས་བརྒྱུད་པ་དེ་དག་ཧ་ལམ་ཆ་ཚང་ང་ཚོས་རྒྱུད་འཛིན་བྱས་པ་ཞིག་ཆགས་ཡོད། ཁ༽ཐོས་བསམ་སློབ་གཉེར་དང་། ཉམས་ལེན་གྱི་ཉམས་རྟོགས།ནང་གསེས་འདི་ག་བློ་གསལ་གླིང་གྲྭ་ཚང་ལ་ཆ་མཚོན་ན། …