དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་ཞལ་ངོའམ་མཁས་མང་བློ་གསལ་བྱེ་བའི་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་རྙིང་པ་ཕ་ར་དགེ་བཤེས་ལྷ་རམས་པ་བསྟན་འཛིན་བསམ་འཕེལ་མཆོག་དགེ་བསྐོས་ལོ་གཅིག་གི་ཕྱག་འགན་བཞེས་པའི་ལས་ཡུན་གྲུབ་སྟེ།ཚོགས་ཆེན་ཞལ་ངོའམ་དགེ་བསྐོས་གསར་པ་ཕུ་ཁང་དགེ་བཤེས་ལྷ་རམས་པ་བྱང་ཆུབ་ངག་དབང་མཆོག་དགེ་བསྐོས་གསར་པའི་ཁྲི་སྟོན་མཛད་སྒོ་བྱས། དེ་ཡང་བོད་རྒྱལ་ལོ ༢༡༤༦ ཟླ་བ ༦ པའི་ཚེས ་ ༢༩ ཕྱི་ལོ་༢༠༡༩ཟླ་བ་༨ཚེས་༢༩ཉིན་གྱི་སྔ་དྲོར་དཔལ་ལྡན་ཁྲིམས་བདག་དགེ་བསྐོས་གསར་པ་དགེ་བཤེས་བྱང་ཆུབ་ངག་དབང་མཆོག་ཕུ་ཁང་ཁམས་ཚན་ཚོགས་ཁང་གསར་པའི་ནང་ཁམས་ཚན་ཉེར་ལྔའི་ཁམས་རྒན་རྣམས་ཀྱིས་སྤོས་སྣེ་དང་བཅས་ཚོགས་ཁང་དུ་གདན་དྲངས་ཏེ་རྟེན་གསུམ་ཁག་ལ་མཇལ་དར་སྒྲོན་འབུལ་དང་།དཔལ་ལྡན་ཡོན་ཏན་མ་སོགས་ཞལ་འདོན་གནང་བ་སོགས་མཛད་སྒོ་གྲུབ་པ་དང་། སླར་ཡང་ཁམས་རྒན་རྣམས་ཀྱིས་སྤོས་སྣེ་དང་བཅསགྲྭ་ཚང་གི་གཙུག་ལག་ཁང་དུ་གདན་དྲངས་ཏེ་ཐོར་འབྲུ་མེ་ཏོག་སོགས་ཐོར་བ་སོགས་གདོང་གྲལ་དཀྱིལ་ནས་ཕྱག་འབུལ་བྱས་རྗེས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་རྟེན་གསུམ་མཇལ་དར་དང་རྟེན་གསུམ་རྣམས་ལ་སྙན་ཤལ་སོགས་ཀྱིས་མཆོད་སྤྲིན་བཏེགས་ཏེ་ཁྲིའི་སྟེང་དུ་འཁོད་གྲུབ།དེ་ནས་དབུ་མཛད་ཀྱིས་ཞལ་འདོན་དགའ་ལྡན་ལྷ་བརྒྱ་མ་དང་།ཤེར་སྙིང་།དཔལ་ལྡན་ཡོན་ཏན་མ།བཀྲ་ཤིས་སོགས་དབུ་སྐུལ་གནང་བ་དང་འབྲེལ་གསོལ་ཇ་དང་འབྲས་སིལ་འདེགས་པར་བྱས་ཏེ་ཞལ་འདོན་གྲུབ་མཚམས་གྲྭ་ཚང་རང་གི་ཕྱག་མཛོད་ཁྲི་པ་དགེ་བཤེས་བློ་བཟང་ཟླ་བ་མཆོག་དང་།དབུ་མཛད་དགེ་བཤེས་གཙུག་ལག་རྒྱ་མཚོ་མཆོག།ཕུ་ཁང་ཁམས་ཚན་གྱི་སྤྱི་རྒན།ཁམས་ཚན་ཉེར་ལྔའི་ཁམས་རྒན་རྣམས་ཀྱིས་ཁྲིམས་བདག་དགེ་བསྐོས་གསར་པ་མཆོག་ལ་རིམ་གྱིས་བཀྲ་ཤིས་དར་དཀར་འབུལ་བ་སོགས་མཛད་སྒོ་གྲུབ་རྗེས།དཔལ་ལྡན་འབྲས་བློ་གླིང་གྲྭ་ཚང་ནས་ཞོགས་ཚོགས་འཁར་རྔ་བརྡུང་བ་དང་དགེ་འདུན་པ་རྣམས་ཚོགས་ཞུགས་གྲུབ་རྗེས་ཁྲིམས་བདག་དགེ་བསྐོས་གསར་པ་ཚོགས་སུ་ཕེབས་ཏེ་སྔར་རྒྱུན་ལྟར་ཕྱག་ལེན་གནང་། དེ་རིང་ནི་འབྲས་སྤུངས་ཞོ་སྟོན་ཡིན་པ་དང་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་བརྗེ་ལེན་གྱི་དུས་ཚོད་འཁེལ་ཡོད་པ་རེད། སྒོ་བློ་གྲྭ་ཚང་གཉིས་ཀྱི་སྔར་སྲོལ་བཞིན་འབྲས་སྤུངས་ཞོ་སྟོན་ཉིན་མོར་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་གི་དགེ་བསྐོས་གཉིས་གསར་རྙིང་བརྗེ་གནང་གི་ཡོད་ཅིང་། དེ་རིང་ཞོགས་པའི་ཆུ་ཚོད་༤ /༣༠ཐོག་འབྲས་སྤུངས་ཚོགས་ཆེན་དབུ་མཛད་དང་།བླ་མ་གཞུང་ལེན་པ།བླ་སྤྱིའི་ཕྱག་མཛོད།གྲྭ་ཚང་གཉིས་ཀྱི་ཕྱག་མཛོད་ཁྲི་པ་གཉིས་དང་།ཁམས་ཚན་རྒན་རྣམས་སྤོས་སྣེ་དང་བཅས་དགེ་བསྐོས་གཉིས་པོ་འབྲས་སྤུངས་ཚོགས་ཆེན་གྱི་གཙུག་ལག་ཁང་གི་སྒོ་ཆེན་ཕྱེས་ནས་ནང་དུ་ཕེབས།ཐུགས་སྨོན་མཚམས་སྦྱོར་དང་འབྲེལ་ནས་ཐོར་འབྲུ་མཆོད་ཅིང་དབུས་ཀྱི་གདོང་གྲལ་ནས་ཕེབས་ཏེ་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་མཇར་དར་དང་།རྟེན་གསུམ་རྣམས་ལ་མཇལ་དར་སྒྲོན་འབུལ་བྱས་ཏེ་བཞུགས་གྲལ་དུ་འཁོད་མཚམས་དབུ་མཛད་ཀྱིས་དགའ་ལྡན་ལྷ་བརྒྱ་དང་།འཇམ་དབྱངས་ཆོས་རྗེ་གསོལ་འདེབས།དཔལ་ལྡན་ཡོན་ཏན་མ་སོགས་ཞལ་འདོན་གྲུབ་པ་དང་།དགེ་བསྐོས་རྙིང་པ་གཉིས་ཀྱིས་འཁར་རྔ་དང་།ཆོས་དུང་།ལྕགས་རྒྱུག་བཅས་རྩིས་འབུལ་སོགས་བྱས་ཏེ་མཛད་སྒོ་གྲུབ།དེ་ནས་ཚོགས་བརྡ་ཕུལ་བ་དང་གྲྭ་མང་རྣམས་ཚོགས་ཞུགས་གྲུབ་རྗེས་དགེ་བསྐོས་གསར་པ་གཉིས་ཀྱིས་ཚོགས་སུ་སྔར་རྒྱུན་ལྟར་ཕྱག་བཞེས་གནང་དགོས།ཚོགས་གྲོལ་རྗེས་བླ་སྤྱིའི་ཡང་ཐོག་ཏུ་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་དབུས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་།ཕྱག་མཛོད་ཁྲི་པ་གཉིས།དབུ་མཛད།དགེ་བསྐོས་གསར་རྙིང་གཉིས།ཆབ་རིབ་དང་ཆབ་གཡོག་སོགས་ལས་ཆེ་གྲས་ཁག་ཞོ་འབྲས་མར་ཁུའི་གསོལ་ཞིག་ཀྱང་འབུལ་མ་ཟད།ཁོང་རྣམས་ལ་ཉིན་གུང་བཞེས་ལག་དཀར་ཟས་ཤིག་ཀྱང་འབུལ་སྲོལ་མཆིས།དེ་ནས་གྲྭ་མང་རྣམས་དགེ་བསྐོས་གསར་རྙིང་ལ་རྟེན་འབྲེལ་མཇལ་དར་དང་ཐུགས་རྗེ་ལེགས་གསོལ་འབུལ་སར་ཕེབས་པར་མཛད། ༧རྒྱལ་དབང་ལྔ་པ་ཆེན་པོས་གསོལ་སྩལ་མཛད་པའི་བཅའ་ཡིག་རིན་པོ་ཆེ་བླང་དོར་ཀུན་གསལ་མེ་ལོང་།ཞེས་པ་བོད་ཚེས་བརྒྱད་ཉིན་ཚོགས་ལངས་སྐབས་དགེ་བསྐོས་རྙིང་པ་གཉིས་ཀྱིས་གསར་པ་ལ་གཉིས་ལ་རྩིས་འབུལ་གནང་དགོས་པ་ཡིན།བཅའ་ཡིག་འདི་ནི་གདན་ས་འདི་པའི་གལ་ཆེན་བཅའ་ཡིག་ཅིག་ཡིན་ཞིང་།འདི་ཉིད་གཙོ་བཟུང་གིས་སྒྲིག་ཁྲིམས་ལག་བསྟར་གནང་དགོས་ཀྱི་ཡོད།བོད་དུ་ཚོགས་ཆེན་ཞལ་ངོ་གཉིས་པོ་གཞུང་གི་གོ་ཐོབ་ཡོད་པས་གཞུང་འབྲེལ་གྱི་ཕྱག་དམ་ཕེབས་ནས་གཞུང་གི་ལས་སྣེ་གྲས་སུ་འཇོག་གི་ཡོད་རུང་།བཙན་བྱོལ་དུ་སླེབས་རྗེས་སྔ་སྲོལ་དེ་ཚོ་མི་དགོས་པར་བྱས་ཐོག་ཚོགས་ཆེན་ཞལ་ངོ་དང་གྲྭ་ཚང་གི་དགེ་སྐོས་ལོགས་སུ་མི་དགོས་པར་བྱས་ཏེ་དུས་ཡུན་ལོ་གཅིག་གི་རིང་གྲྭ་ཚང་སྒོ་བློ་གཉིས་ཀྱི་དགེ་སྐོས་རྣམ་གཉིས་ནས་ཚོགས་ཆེན་ཞལ་ངོའི་འགན་གཅིག་ལྕོགས་ཀྱིས་ཁུར་གནང་རྒྱུ་བྱས་འདུག།དགེ་སྐོས་རྣམ་གཉིས་ནི་དགོན་འདིའི་འགན་དབང་ཆེ་ཤོས་ཡིན་པས་གདན་སར་ཞུགས་པའི་སྐྱེ་བོ་སུ་ཞིག་ཡིན་རུང་ཁོང་རྣམ་གཉིས་ཀྱི་སྒྲིག་ཁྲིམས་འོག་ཏུ་མ་འཚུད་པ་མེད།དུས་རྒྱུན་གདན་སའི་ཁ་རྒྱུན་དུ་ཁྲིམས་བདག་དགེ་སྐོས་ཞེས་གསུང་སྲོལ་ཡོད་པ་བཞིན་ཁོང་གཉིས་པོས་དགེ་འདུན་པ་ལྔ་སྟོང་ལྷག་ལ་གདན་སའི་ཁྲིམས་སྒྲིག་ཡོད་ཚེ་འགན་ལེན་གྱིས་ལག་ལྟར་བྱེད་དགོས་པས་ཆེས་དཀའ་ཚེགས་ཆེ་བ་ཞིག་ཀྱང་ཡིན་སྟབས།འདི་ལྟར་ལས་སྣེ་ཁེལ་རྒྱུ་ཞེད་སྣང་གནང་གི་ཡོད་མོད་ཀྱང་གྲྭ་མང་གིས་འོས་བསྡུ་ལམ་བསྐོས་ན་དགོངས་པ་ཡང་ཞུ་ས་མི་རྙེད་པ་ཞིག་ཡིན། ཞོ་སྟོན་ཞེས་པའི་དོན། གནའ་སྔ་མོ་རྒྱ་གར་ལ་དགེ་འདུན་རྣམས་དབྱར་གནས་ལ་བཞུགས་པའི་ཚེ་བསོད་སྙོམས་ལ་ཕེབས་མི་དགོས་པར་བརྟེན་སྦྱིན་བདག་ལ་སོགས་པས་ཞོ་དང་འོ་མ་ལ་སོགས་པའི་བསྙེན་བཀུར་ཞུ་སྲོལ་ཡོད་པ་ལྟར། གདན་ས་ཆེན་པོ་དགའ་འབྲས་སེ་གསུམ་སོགས་སུ་དབྱར་གནས(དགེ་འདུན་རྣམས་དབྱར་ཁའི་རིང་ཕྱི་རོལ་དུ་གང་བྱུང་དུ་འགྲོ་མི་ཆོག་པའི་དུས་ཅིག)ཚུགས་པའི་སྐབས་སུ་ཞོ་ཡི་སྟོན་མོ་སྟེ་ཞོ་ཡི་ཞལ་ལག་སོགས་འབུལ་བས་ན་ཞོ་སྟོན་ཞེས་ཐོགས་པ་ཡིན། …
༈ ལུང་དང་རྟོགས་པའི་སྤྱི་སྒོས་རྒྱལ་བའི་བསྟན༵།། མ་སྨད་བཤད་དང་སྒྲུབ་པའི་འཛིན༵་པ་ཡིས།། འགྲོ་མང་རྣམ༵་གྲོལ༵་རྟག་བརྟན་ཞི་བའི་སར།། འགོད་མཛད་སྐྱེས་བུ་མཆོག་ཏུ་ཞབས་བརྟན་ཤོག། ༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་གསུང་། ཤེས་བྱ་ཀུན་ལ་བློ་༷གྲོས་ཐོགས་མེད་ཅིང་།། འགྲོ་ལ་བཟང་༷པོའི་འཕྲིན་ལས་འོད་སྣང་གིས།། ཐུབ་བསྟན་གསལ་མཛད་ཆོས་ཀྱི་ཉི་༷མ་༷ཆེ།། དཔལ་ལྡན་བླ་མ་དམ་པར་གུས་ཕྱག་འཚལ།། ༸དགའ་ལྡན་ཁྲི་ཟུར་༸སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་གསུང་། དེ་ཡང་ཁམས་གསུམ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸སྤྱི་ནོར་༸གོང་ས་སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་ཉི་མ་དཔལ་བཟང་པོ་མཆོག་གི་ཡང་སྲིད་ལ་དྭགས་བྱང་ཐང་དུ་ཡབ་རིན་ཆེན་ཆོས་རྒྱལ་དང་། ཡུམ་ཚེ་རིང་བཟང་མོ་གཉིས་ཀྱི་རིགས་སྲས་སུ་སྐུ་འཁྲུངས་པ་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་རྣམ་གྲོལ་མཆོག་ངོས་འཛིན་བགྱིས་ཏེ་ཕྱག་རྟགས་གསེར་ཡིག་རིན་པོ་ཆེ་སྤྱི་བོར་ཕེབས་དོན་བཞིན། བོད་རྒྱལ་ལོ་༢༡༤༤ རབ་གནས་མེ་བྱ་ལོའི་ས་ག་ཟླ་བའི་ཚེས་༡༥ བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་སངས་རྒྱས་པ་སོགས་དུས་ཆེན་ཁྱད་པར་ཅན་གསུམ་འཛོམས་ཀྱི་ཉིན་མོ་དང་། ཕྱི་ལོ་༢༠༡༧ ཟླ་༦ ཚེས་༩ རེས་གཟའ་པ་སངས་གཟའ་སྐར་འཕྲོད་སྦྱོར་ཕུན་གསུམ་ཚོགས་པའི་ཉིན་མོར། གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་དང་། མཁས་མང་བློ་གསལ་གླིང་གྲྭ་ཚང་། སྟག་ཚང་རྭ་བ་སྟོད་པའི་གྲྭ་ཚང་། དཔལ་ལྡན་ཏྲེ་ཧོར་ཁང་ཚན། དཀར་མཛེས་སྤྱི་ཁང་བཅས་སུ་ཉིན་གསུམ་གྱི་རིང་ཆོས་ཞུགས་དང་འབྲེལ་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་མཆོད་འབུལ་བསྙེན་བཀུར་རྒྱ་ཆེ་དང་། སྐུ་མགྲོན་རྣམས་ལ་གསོལ་ཚིག་གཟབ་རྒྱས་འབུལ་པ་སོ་ལེགས་པ་གྲུབ་གནང་ཡོད།
༅༅། །ཞྭ་སེར་བསྟན་པའི་མངའ་བདག་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོའི་དངོས་སློབ་དམ་པ། ༧རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས་གྲུབ་པའི་བཤད་སྒྲུབ་བསྟན་པའི་འབྱུང་གནས་དཔལ་ནཱ་ལེནྡྲ་གཉིས་པ། དཔལ་ལྡན་འབྲས་དཀར་སྤུངས་པའི་གདན་ས་ཆེན་པོ་འདི་ཉིད་ཕྱག་བཏབ་མཛད་དེ་མོ་ལོ་༦༠༠ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་དུ་༧དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་རི་རྫོང་སྲས་རྗེ་བཙུན་ཐུབ་བསྟན་ཉི་མ་མཆོག ཚོགས་ཆེན་ཁྲི་པ་རིན་པོ་ཆེ་གཙོས་གྲྭ་ཚང་ཤར་ནུབ་གཉིས་ཀྱི་མཁན་ལས་ཟུར་རྣམ་པ་དང་དཔེ་ཁྲིད་དགེ་རྒན་རྣམ་པ་གཞན་ཡང་དགེ་འདུན་དོན་གཉེར་ཅན་བརྒྱ་ཕྲག་འགའ་ཤེས་ཀྱིས་རྩ་ཤེ་ཊཱིཀ་ཆེན་གྱི་སྟེང་དུ་རྩ་བ་ཤེས་རབ་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་ལེགས་པར་གྲུབ་པ་བཅས་སོ།།
As His Eminence Rizong Setul Rinpoche successfully completes his 7-year as Gaden Tripa ( Apex throne holder of Gelugpa order), His Eminence Jetsun Lobsang Tenzin of Drepung Losel Ling Monastery succeeds him as 103th Gaden Tripa as per His Holiness …
Most of the monks get up early in the morning at around 5 o’clock. After first brushing their teeth and washing their face, they then go for refuge and generate bodhicitta through reciting refuge and bodhicitta prayers. Then they pray …
Welcome to WordPress. This is your first post. Edit or delete it, then start writing!