༄༅། །ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་༸ སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་བྲག་གཡབ་རྟོགས་ལྡན་སྤྲུལ་སྐུ་རྗེ་བཙུན་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་སྟོབས་འཕྲོག་དབང་པོ་དཔལ་མགོན་ཞལ་བཞི་པའི་རྗེས་གནང་བསྩལ་བ།
བོད་རྒྱལ་ལོ་ ༢༡༥༡ ཟླ་བ་ ༡༠ ཚེས་ ༥ ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༦ རེས་གཟའ་པ་སངས་ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གིས་ཞུས་ངོར་ལྟར་བློ་གླིང་སྤྲུལ་པའི་གཙུག་ལག་ཁང་དུ་སྟོབས་འཕྲོག་དབང་པོ་དཔལ་མགོན་ཞལ་བཞིའི་དཀར་པོ་ཚེ་འཕེལ་གྱི་རྗེས་གནང་དང་། ཕྱི་ཚེས་ ༧ ཉིན་རྒྱབ་མགོན་པོ་ཞལ་བཞི་སེར་པོ་ནོར་འཕེལ་གྱི་རྗེས་གནང་། ཕྱི་ཚེས་ ༨ ཉིན་དམ་ཚིག་རྡོ་རྗེའི་རྗེས་གནང་བཅས་བསྩལ་གནང་མཛད་ཡོད།
དད་ལྡན་ཆོས་ཞུ་བ་ཡང་བློ་གླིང་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ལྷུན་འགྲུབ་མཆོག་དང་། སྒོ་མང་མཁན་རིན་པོ་ཆེ་རྗེ་བཙུན་འཇིགས་མེད་རྒྱ་མཚོ་མཆོག །རྒྱུད་སྟོད་མཁན་རིན་པོ་ཆེ་བློ་གླིང་ཚུལ་ཁང་རྗེ་བཙུན་གངས་དཀར་རིན་པོ་ཆེ། ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་རྗེ་བཙུན་སྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག །བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག ། རྭ་སྟོད་མཁན་རིན་པོ་ཆེ་རྗེ་བཙུན་བསོད་ནམས་རྒྱལ་མཚན་མཆོག ། རྭ་སྟོད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཚུལ་ཁྲིམས་ཕུན་ཚོགས་མཆོག་དབུས་གདན་ས་ཁག་གི་མཁན་ལས་ཟུར་དང་། འབྲས་སྤུངས་ཚོགས་ཆེན་དབུ་མཛད་སྒོ་མང་རྒན་རྒྱ་མཚོ། བླ་མ་གཞུང་ལེན་པ་དགེ་བཤེས་བསྟན་འཛིན་དཔལ་མཆོག །ཁྲིམས་བདག་དགེ་བསྐོས་དགེ་བཤེས་རྒྱ་མཚོ་མཆོག །སྒོ་མང་ཚོགས་ཆེན་ཞལ་ངོ་ཁྲིམས་བདག་དགེ་བསྐོས། བློ་གླིང་དབུ་མཛད་དགེ་བཤེས་ཨ་དགའ་སོགས་དང་། དགའ་འབྲས་སོགས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་སོགས་དགེ་འདུན་པ་དང་བཙུན་མ། མི་སྐྱ་ཕོ་མོ་སོགས་འདུས་པ་ཉིས་སྟོང་ཙམ་འཛོམས་ཡོད།
རིན་པོ་ཆེའི་ཞལ་སྔ་ནས་ཁོ་རང་གིས་མགོན་པོའི་རྗེས་གནང་བློ་གླིང་འདུ་ཁང་དུ་༸སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་བློ་བཟང་འོད་ཟེར་ཆོས་དབྱིངས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཐོབ་གསུངས། དམ་ཚིག་རྡོ་རྗེའི་རྗེས་གནང་༸སྐྱབས་རྗེ་རྡོ་རྗེ་འཆང་གི་མདུན་ནས་ཐོབ་གསུངས། གསུང་ཆོས་ཉིན་གསུམ་རིང་གྲྭ་ཚང་གིས་ཆོས་ཞུ་བ་རྣམས་ལ་གསོལ་ཆབ་དང་གསོལ་ཇ། དགེ་འདུན་པ་རྣམས་ལ་ཉིན་རེར་སྐུ་ཡོན་ཧིན་སྒོར་ ༡༠༠ རེ་དང་། དེ་མིན་གཞན་སྦྱིན་བདག་ཁག་ནས་ཀྱང་བསྙེན་བཀུར་གྱ་ནོམ་པ་བཅས་འབུལ་ལམ་ཞུས་ཡོད། ཕྱི་ཚེས་ ༨ ཉིན་རྒྱབ་གསུང་ཆོས་གྲུབ་པ་དང་གྲྭ་ཚང་གིས་གཏང་རག་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་བྱས་ཏེ་གསུང་ཆོས་གྲོལ།