༄༅། །གངས་ཅན་གྱི་དཔལ་ནཱ་ལནྡཱ་ཆེན་མོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ཚན་རིག་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་སྤྲོད་གནང་བ།
ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༡༡ ཉིན་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དབུ་བཞུགས་ཐོག །བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཆོས་འཕེལ་མཆོག ། ཁྲིམས་བདག་དགེ་བསྐོས་ཕུ་ཁང་དགེ་བཤེས་ཐུབ་བསྟན་ལྷུན་འགྲུབ་མཆོག །བློ་གླིང་རྒྱུགས་སྤྲོད་ཚོགས་ཆུང་གི་ཚོགས་མི་ཡོངས་དང་། བློ་གསལ་གླིང་སྒོམ་སྒྲུབ་ཚན་རིག་ལྟེ་གནས་ཁང་གི་ཚན་རིག་ཕྱག་མཛོད་དགེ་བཤེས་སྙན་གྲགས་མཆོག་དབུས་ཚན་རིག་ཁང་གི་ཚན་རིག་དང་སྐད་ཡིག་སློབ་དགེ་སོགས་རྒྱུགས་སྤྲོད་འདིའི་ནང་དུ་དོ་དམ་གྱི་འགན་བཞེས་གནང་ཡོད།
རྒྱུགས་སྤྲོད་ལ་ཞུགས་མཁན་དབུ་མ་བདག་འགོག་དང་འདུལ་བ་འཛིན་གྲྭ་གསུམ། མཛོད་འཛིན་གྲྭ་གཉིས་བཅས་མཉམ་ཞུགས་གནང་སྟེ་ལོ་འཁོར་ཚན་རིག་རྒྱུགས་སྤྲོད་གནང་ཡོད། ཚན་རིག་རྒྱུགས་སྤྲོད་འདིའི་ནང་དུ་ཚན་རིག་དང་སྐད་ཡིག་རྒྱུགས་སྤྲོད་གཉིས་ཡོད། སྐད་ཡིག་ལོ་རིམ་དང་པོ་དབུ་མ་བདག་འགོག །སྐད་ཡིག་ལོ་རིམ་གཉིས་པ་འདུལ་བ་ལྔ་ཕྲུགས། ཚན་རིག་འཛིན་གྲྭ་ལ་ཚན་རིག་ལོ་རིམ་དང་པོ་འདུལ་བ་སྤང་ལྟུང་། ཚན་རིག་ལོ་རིམ་གཉིས་པ་འདུལ་བ་ལས་གཞི། ཚན་རིག་ལོ་རིམ་གསུམ་པ་མཛོད་དང་པོ། ཚན་རིག་ལོ་རིམ་བཞི་པ་མཛོད་གཉིས་པ་བཅས་ཁྱོན་རྒྱུགས་ཞུགས་པ་ལྔ་བརྒྱ་ལྷག་གིས་རྒྱུགས་སྤྲོད་ཡོད་དོ།།