༄༅། །དཔལ་ལྡན་བོད་མི་མང་སྐབས་༡༧ པའི་སྤྱི་འཐུས་གཉིས་ཀྱིས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དང་འབྲས་བློ་གླིང་གྲྭ་ཚང་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བ་ལ་གྲྭ་ཚང་གིས་སྣེ་ལེན་གཟབ་རྒྱས་གནང་བ།
ཕྱི་ལོ་༢༠༢༢ ཟླ་༡༡ ཚེས་ ༡༠ ནས་༡༦ བར་ཉིན་གྲངས་བདུན་རིང་དཔལ་ལྡན་བོད་མི་མང་སྐབས་༡༧ པའི་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་རེད།
ཕྱི་ཚེས་༡༠ ཉིན་མོན་གྷོ་རུ་འབྱོར་བ་དང་སྒོ་མང་མགྲོན་ཁང་དུ་ས་འཐུས་ཚོགས་གཙོ། ས་གནས་གཞིས་འགོ། རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་གཙོས་མོན་གྷོ་ཚོགས་པ་༡༦ ཚོགས་མི། སློབ་སྤྱི་དང་དགེ་ཆེ་རྣམ་པ་དང་གནད་ཡོད་མི་སྣ་བཅས་ནས་ཕེབས་བསུ་ཞུས་པ་དང་། སམ་བྷོ་ཊ་གཞི་རིམ་བར་མའི་སློབ་གྲྭར་གཟིགས་ཞིབ་བཅས་གནང་ཡོད། ཕྱི་ཚེས་༡༡ ཉིན་སམ་བྷོ་ཊ་གཞི་རིམ་འོག་མ་དང་། ས་འགོའི་ཁྱབ་ཁོངས་མིག་སྟོན་ཞིང་འདེབས་ས། གཞིས་གྲོང་༣ པའི་སྨན་ཁང་། འཕྲོད་བསྟེན་སྨན་ཁང་། རྒས་གསོ་ཁང་། རྗེས་འབྱོར་སྡོད་ཁང་བཅས་ལ་འཚམས་གཟིགས་གནང་ཡོད།
ཕྱི་ཚེས་༡༢ ཉིན་སྔ་དྲོར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་གནས་གཟིགས་སྐབས་ས་གནས་གཞིས་འགོ། ས་འཐུས་ཚོགས་གཙོ། གྲྭ་ཚང་གི་ཕྱག་མཛོད་ཁྲི་པ་དགེ་བཤེས་འཇམ་དབྱངས་དབང་ཕྱུག་གཙོས་ཕྱག་མཛོད་རྣམ་པས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དང་པོར་གྲྭ་ཚང་གི་གཙུག་ལག་ཁང་དང་སྲུང་མ་ཁང་བཅས་ཀྱི་རྟེན་གཙོ་རྣམས་ལ་མཇལ་དར་སྒྲོན་འབུལ་དང་། དེ་བཞིན་གདུང་རྟེན་ཁང་ལ་གནས་གཟིགས་མཛད་རྗེས་གཙུག་ལག་ཁང་གི་རབ་གསལ་ཁང་དུ་སྤྱི་འཐུས་རྣམ་གཉིས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། གྲྭ་ཚང་གིས་འཕགས་མཆོག་ཕྱག་བཞི་པའི་ཞལ་ཐང་རེ་ལེགས་སྐྱེས་སུ་འབུལ་ལམ་ཞུས། དེ་ནས་རིམ་བཞིན་སྒོ་མང་། འབྲས་སྤུངས་བླ་སྤྱི། ས་སྐྱ་དགོན་པ་བཅས་ལ་གནས་གཟིགས་མཛད་གྲུབ་རྗེས། བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས། དེ་ནས་འབྲས་སྤུངས་སུ་ཡོད་པའི་སྨན་རྩིས་ཁང་དང་། རྭ་སྟོད། བཀའ་བརྒྱུད་དགོན། ས་འགོའི་ཁྱབ་ཁོངས་རྩི་ཤིང་འདེབས་ལས་དང་སྒོ་ཕྱུག་གསོ་སྐྱོང་ཁང་བཅས་ལ་ཕེབས། དགོང་མོར་འབྲས་སྤུངས་ཚོགས་ཆེན་དུ་འདུས་མང་ལ་དཔལ་ལྡན་སྤྱི་འཐུས་རྣམ་གཉིས་ནས་བཀའ་སློབ་སྩལ་ཡོད།
ཕྱི་ཚེས་ ༡༣ ཉིན་དགའ་ལྡན་ཚོགས་ཆེན། ཤར་རྩེ། བྱང་རྩེ། རྙིང་མ་དགོན་བཅས་ལ་གནས་གཟིགས་དང་། དེ་ནས་བཙུན་དགོན་བྱང་ཆུབ་ཆོས་གླིང་ལ་གནས་གཟིགས་དང་འབྲེལ་བཙུན་མ་རྣམས་ལ་བཀའ་སློབ་བསྩལ་རྒྱུ་དང་། དེ་ནས་གཞོན་ནུ་ཚོགས་ཁང་དང་། དམག་ཟུར་ཚོགས་པའི་ལས་ཁུངས། ལྷ་མོ་ཚོགས་ཁང་། དཔེ་མཛོད་ཁང་། བུད་མེད་ཚོགས་ཁང་བཅས་ལ་འཚམས་གཟིགས་མཛད། དགོང་མོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་རྙིང་དགོན་བཅས་ཀྱི་འདུས་མང་ལ་དཔལ་ལྡན་སྤྱི་འཐུས་རྣམ་གཉིས་ནས་བཀའ་སློབ་བསྩལ་རྒྱུ།
ཕྱི་ཚེས་༡༤ ཉིན་ས་འཐུས་ལས་ཁང་། ས་འགོ་ལས་ཁང་། རང་ཚོགས་ལས་ཁང་། མཉམ་འབྲེལ་ལས་ཁུངས་བཅས་སུ་འཚམས་གཟིགས་དང་། སམ་བྷོ་ཊ་སློབ་གྲྭ་དབུས་མར་འཚམས་གཟིགས་དགེ་སློབ་ཡོངས་ལ་བཀའ་སློབ་བསྩལ་རྒྱུ། དེ་ནས་མི་མང་ཚོགས་ཁང་དུ་གཞིས་གྲོང་བཅུའི་མི་མང་ལ་བཀའ་སློབ་བསྩལ་རྒྱུ། གཞིས་ལས་ཁང་དུ་ཚོགས་སྡེ་༢༦ ལྷན་བཞུགས་མོལ་ཚོགས་འདུ་གནང་རྒྱུ་ཡིན་པ་རེད།
ཕྱི་ཚེས་༡༥ ཉིན་ནོར་བུ་རིར་གནས་གཟིགས་དང་། རྫོང་དཔོན་གསར་པ་དང་རྫོང་དཔོན་གཞོན་པ། དེ་བཞིན་རྫོང་གི་ཉེན་རྟོག་པ་གསར་པ་བཅས་ལ་མཇལ་འཕྲད་གནང་རྒྱུ། དེ་ནས་མོན་གྷོ་ཏ་སིལ་ཊར་ལས་ཁུངས། མོན་གྷོ་ཉེན་རྟོག་པའི་ལས་ཁུངས། RDPR ལས་ཁུངས། བོད་དོན་རྒྱབ་སྐྱོར་ཚོགས་མི་བཅས་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།