༄༅། །དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གིས་༸རྒྱལ་བའི་འཁྲུངས་སྐར་ཉིན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་ཆོས་ཕྱོགས་ཀྱི་བྱ་བ་གང་མང་སྤེལ་བ།
ཕྱི་ལོ་༢༠༢༣ ཟླ་བ་ ༧ ཚེས་ ༦ ཉིན་ ༧རྒྱལ་བ་ཐམས་ཅད་ཀྱི་རང་གཟུགས། རྒྱལ་བསྟན་ཡོངས་རྫོགས་མངའ་བདག གངས་ཅན་འགྲོ་བ་ཡོངས་ཀྱི་སྙིང་ནོར་གཅིག་བུ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གངས་ལྗོངས་ཆོས་ལྡན་ཞིང་དུ་སྐུའི་མཚན་དཔེའི་བཞད་དེ་དགུང་གྲངས་༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གཟབ་རྒྱས་ཞུས། དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་༸སྐྱབས་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་འདུས་མང་ཡོངས་ནས། ༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཚེའི་ཚེ་སྒྲུབ་སླད་ཞབས་རིམ་སྒྲུབ་གནང་བ་དང་། དེ་ཡང་༸མགོན་པོ་མཆོག་གི་ཐུགས་རྗེའི་གཏེར་ཆེན་གྱིས་སྐྱོང་བའི་བཀའ་དྲིན་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་བཀང་སྟེ་ཕུལ་ཀྱང་གཞལ་བར་དཀའ་ཡང་། ༸མགོན་པོ་གང་གི་སྐུའི་འཁྲུངས་སྐར་ཉིན་བཀའ་དྲིན་གྱི་ཆ་ཤས་ཙམ་གསབ་ཕྱིར་དང་སྒྲུབ་པའི་མཆོད་པར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ངོས་ནས། ཉེ་འཁོར་རྒྱ་གར་གཞུང་གི་སློབ་གྲྭ་ཁག་གསུམ་གྱི་སློབ་མ་དྲུག་བརྒྱ་ལྷག་ཙམ་ལ་དེབ་དང་སྨྱུ་གུ། བྲིས་དེབ་སོགས་གནང་ཡོད། ཕྱི་ལོ་ ༢༠༢༣ ལོའི་ཤེས་རིག་ལས་ཁུངས་ཀྱི་ཕུལ་བྱུང་སློབ་ཡོན་བཞེས་མཁན་ཁོངས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས། བསྟན་འཛིན་འཆི་མེད་དབང་མོ། བསྟན་འཛིན་འཕྲིན་ལས། བསྟན་འཛིན་དཔལ་མོ། བསྟན་འཛིན་ཨུ་རྒྱན། སངས་རྒྱས་སྒྲོལ་མ་བཅས་སློབ་མ་ལྔ་ལ་གཟིགས་གསོལ་སྩལ་གནང་། ཕྱི་ལོ་༢༠༢༣ ལོའི་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་༨༨ ཕེབས་པའི་སྐུའི་འཁྲུངས་སྐར་སྔ་བསྣུར་ཉིན་མོར་བློ་གླིང་ཆོས་རིག་འཛིན་སྐྱོང་སློབ་གྲྭའི ནང་༧སྐྱབས་རྗེ་མཁན་རིན་པོ་མཆོག་དབུ་བཞུགས་ཐོག་ཕྱག་མཛོད་མཆོག་དང་སློབ་སྤྱི་མཆོག་གཙོས་དགེ་ལས་སློབ་མ་ཡོངས་ལྷན་འཛོམས་ཀྱིས་འདི་གའི་སློབ་་གོ་སྒྲིག་འོག་༧གོང་ས་མཆོག་ལ་མཆོད་བསྟོད་ཀྱི་རྩོམ་ཡིག(མི་ཕྱེད་དད་པའི་མཆོད་སྤྲིན།)འགྲན་བསྡུར་གྱི་རྩེ་སོན་པ་རྩེ་ཕུད་དང་པོར་ཧིན་སྒོར་༣༠༠༠། རྩེ་ཕུད་གཉིས་པར་ཧིན་སྒོར་༢༠༠༠། རྩེད་ཕུད་གསུམ་པར་ཧིན་སྒོར་༡༥༠༠། དེ་བཞིན་ཨང་རིམ་དང་པོ་ནས་བརྒྱད་པའི་བར་ཧིན་སྒོར་༡༠༠༠ རེ་བཅས་བྱ་དགའ་འབུལ་བ་གནང་། ༸ སྐུའི་འཁྲུངས་སྐར་སྔ་བསྣུར་ཉིན་མོར་༧སྐྱབས་རྗེ་མཁན་རིན་པོ་མཆོག་དབུ་བཞུགས་ཐོག་སློབ་གྲྭའི་གོ་སྒྲིག་འོག་ད་ལོ་དམིགས་བསལ་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་ཡོད། དེ་ཡང་འཛིན་གྲྭ་དྲུག་པ་ཡན་སློབ་མ་རྣམས་གྱིས་འབྲས་སྤུངས་གླིང་གི་ཁོར་ཡུག་གཙང་བཟོ་དང་མདོར་ན་ཤིང་སྣ་འདེབས་འཛུགས། བསྟོད་ཚོགས་པར་སྐྲུན། ཁོར་ཡུག་གཙང་བཟོའི་སྒོ་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་གནང་ཡོད།