༄༅། །དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྤྲུལ་པའི་གཙུག་ལག་ཁང་དུ་ཚན་རིག་སློབ་གཉེར་བ་ཚོས་ཚན་རིག་དང་སྐད་ཡིག་རྒྱུགས་སྤྲོད་གནང་བ།
ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྤྲུལ་པའི་གཙུག་ལག་ཁང་དུ་ཚན་རིག་སློབ་གཉེར་བ་ཚོ་རྒྱུགས་སྤྲོད་ལ་ཞུགས་ཡོད། བདག་ཅག་རྣམས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་བསྟན་འགྲོའི་ཕན་བདེ་ཕུགས་རྒྱང་རིང་པོ་ལ་གཟིགས་ནས་རླབས་ཆེན་དགོངས་བཞེད་ཟབ་མོའི་ངང་ཚན་རིག་སོགས་སློབ་གཉེར་གནང་དགོས་པའི་བཀའ་སློབ་སྤྱི་བོར་ཕེབས་པ་ལྟར། གདན་ས་གྲྭ་ཚང་ཁག་ནས་ཀྱང་དེ་བཞིན་ཕྱག་བསྟར་གནང་ཡོད་པ་དང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ནང་དུ་ཡང་ཚན་རིག་རྒྱུགས་སྤྲོད་བཞག་གནང་ཡོད། དེ་བཞིན་བློ་གླིང་གྲྭ་ཚང་རང་ནས་ཀྱང་དབུ་མ་བདག་འགོག་འཛིན་གྲྭ་ཡན་གྱིས་སྐད་ཡིག་དང་ཚན་རིག་སྦྱོང་དགོས་པ་གནང་། དབུ་མ་བདག་འགོག་དང་འདུལ་བ་ལྔ་ཕྲུགས་གཉིས་སྐད་ཡིག་འཛིན་གྲྭ་དང་། འདུལ་བ་སྤང་ལྟུང་། ལས་གཞི། མཛོད་དང་པོ་དང་གཉིས་པ། བཀའ་རམས་དང་པོ་དང་གཉིས་པ་བཅས་ཚན་རིག་འཛིན་གྲྭ་བཅས་ཁག་དྲུག་ཕྱེས་ཡོད། ད་ལོར་སྐད་ཡིག་འཛིན་གྲྭ་རྒྱུགས་ཞུགས་པ་ཞལ་གྲངས་ ༡༧༥ ཙམ་དང་། ཚན་རིག་འཛིན་གྲྭ་རྒྱུགས་ཞུགས་པ་ཞལ་གྲངས་ ༤༠༠ལྷག་གིས་སྐད་ཡིག་ཚན་རིག་བཅས་རྒྱུགས་སྤྲོད་གནང་ཡོད།