༄༅། །དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྤྲུལ་པའི་གཙུག་ལག་ཁང་དུ་དགའ་གདོང་དབྱར་གསོལ་གཏོང་གནང་བ།
ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡ ཉིན་སྔར་སྲོལ་ལྟར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྤྲུལ་པའི་གཙུག་ལག་ཁང་དུ། ༸སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དང་། བླ་མ་གཞུང་ལེན་དགེ་བཤེས་ཆོས་འཕེལ། ཁྲིམས་བདག་དགེ་སྐོས་བློ་བཟང་ལྷུན་འགྲུབ། དབུ་མཛད་དགེ་བཤེས་ཨ་དགའ་དབུ་ཆོས་རྣམ་པ་དང་། རྒྱལ་སྲས་བླ་སྤྲུལ་རྣམ་པ། གནས་བརྟན་བགྲེས་སོང་རྣམ་པ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་བཅས་ཀྱིས་ལྷོ་ཕྱོགས་ཡོན་ཏན་རྒྱལ་པོའམ་དགའ་གདོང་ཆོས་སྐྱོང་ཤིང་བྱ་ཅན་གྱི་དབྱར་གསོལ་དང་སྦྲགས། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་། བོད་བསྟན་སྲིད་ཀྱི་ཞབས་རིམ་དུ་འདོད་ཁམས་བདག་མོ་དང་། ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ། རྡོ་རྗེ་གྲགས་ལྡན་སོགས་ཀྱི་བསྐང་བཤགས་གྲངས་གསོག་གནང་བ་དང་། ཞོགས་པའི་གསོལ་ཇ། འབྲས་སིལ། བཞེས་བག་སོགས་ཀྱང་འབུལ་ལམ་ཞུས་ཡོད། དབྱར་གསོལ་གྲུབ་ནས་ཉིན་གུང་གསོལ་ཚིགས་ལ་གྲྭ་ཚང་གི་མཁན་ལས་ཟུར་རྣམས་དང་། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྒྱལ་སྲས་བླ་སྤྲུལ་ཁག་དང་། གྲྭ་ཚང་གི་ལས་བྱེད་ཚང་མ་ལ་བཞེས་ལག་གཟབ་རྒྱས་འབུལ་ལམ་ཞུས་ཡོད། དགའ་གདོང་དབྱར་གསོལ་ཞེས་གྲགས་པ་འདི་ཡང་ལོ་རེར་འབྲས་སྤུངས་ཚོགས་་ཆེན་དང་། བློ་གླིང་གྲྭ་ཚང་། དགའ་གདོང་བསྟེན་གསོལ་བྱེད་མཁན་ཁམས་ཚན་དང་མི་ཚན་སོ་སོ་ནས་ཀྱང་ཉི་མ་གཅིག་གཏོང་སྲོལ་ཡོད་པ་ལྟར་རིམ་བཞིན་སོ་སོས་དགའ་གདོང་དབྱར་གསོལ་གནང་ཡོད།