༄༅། །ཕྱི་ལོ་༢༠༢༢ ལོའི་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གིས་དབུ་མ་མཚན་ཕུད་དམ་བཅའ་ཆེན་མོ་འཚོགས་གནང་མཛད་པ།
ཕྱི་ལོ་༢༠༢༢ ལོའི་ཆོས་སྡེ་ཆེན་པོ་དཔལ་ནཱལནྡཱ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་དབུ་མ་མཚན་ཕུད་དམ་བཅའ་ཆེན་མོ་འཚོགས་གནང་ཡོད། ལོ་བསྟར་ཆགས་སུ་དབུ་ཕར་རྣམ་འགྲེལ་གསུམ་གྱི་མཚན་ཕུད་དམ་བཅའ་ཆེན་མོ་ཚོགས་སྲོལ་ཡོད་པ་ལྟར་ལོ་འདིར་ཡང་༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་༡༢ ཟླ་མཇུག་ཏུ་གསུང་ཆོས་བཀའ་དྲིན་སྩལ་བར་བརྟེན་ཅུང་ཟད་སྔ་སྣུར་གྱིས་ཕྱི་ལོ་༢༠༢༢ ལོའི་ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཉི་མའི་དགོང་མོར་ཆོས་སྡེ་ཆེན་མོ་དཔལ་ནཱལནྡཱ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྔར་སྲོལ་བཟང་པོ་ལྟར་འདི་ལོའི་དགེ་བཤེས་ལྷ་རམས་པ་རྣམས་དབུ་མ་མཚན་ཕུད་དམ་བཅའ་འཇོག་གནང་མཛད་ཡོད། ལོ་འདིར་དགེ་ལྡན་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནས་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་བཅོ་བརྒྱད་ཐོན་ཡོད་པ་དེ་དམ་བཅར་བཞུགས་པ་དང་དབུ་མ་འཛིན་གྲྭ་གསུམ་ནས་རྟགས་བསལ་གཉིས་རེ་གཏོང་གནང་མཛད་ཡོད།
ས་སྲོད་ཙམ་དུ་ཆོས་རའི་དྲིལ་ཆེན་རྡུང་བ་དང་བློ་གླིང་སྤྲུལ་པའི་གཙུག་ལག་ཁང་ཆེན་མོའི་མདུན་གྱི་ཐང་ཆེན་རྡོ་གཅལ་སྟེང་དུ་ཚོགས་ཀྱི་ཡོད་ཀྱང་འདི་ཉིན་ཆར་པ་འབབ་པར་བརྟེན་ཆོས་ར་གསར་པའི་འོག་ཏུ་གྲྭ་མང་འདུ་འཛོམས་གནང་། དེ་ཡང་དབུ་བཞུགས་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། འབྲས་སྤུངས་ཁྲི་པ་རིན་པོ་ཆེ་སྐྱབས་རྗེ་བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག །སྐྱབས་རྗེ་བློ་གླིང་མཁན་ཟུར་རིན་པོ་ཆེ་ཁྱབ་བདག་བཀའ་འགྱུར་བ་རྗེ་བཙུན་རྟོགས་ལྡན་གྲགས་པ་མཐའ་ཡས་དཔལ་བཟང་པོ་མཆོག །བླ་མ་གཞུང་ལེན་པ་དགེ་བཤེས་ཡེ་ཤེས་ཆོས་འཕེལ། དབུ་མཛད་ཆེན་མོ་དགེ་བཤེས་ཨ་དགའ། ཁྲིམས་བདག་དགེ་བསྐོས་དགེ་བཤེས་ཐུབ་བསྟན་ལྷུན་འགྲུབ། རྒྱལ་སྲས་བླ་སྤྲུལ་ཁག །བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་འདུས་མང་བཅས་ཆོས་ཀྱི་དགའ་སྟོན་ལ་གདན་འཛོམས་པའི་དབུས་སུ་དབུ་མཛད་ལགས་ནས་དགའ་ལྡན་ལྷ་བརྒྱ་མ་དང་། པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས། པཎ་ཆེན་བསོད་ནམས་གྲགས་པའི་གསོལ་འདེབས། འཇམ་དཔལ་མཚན་བརྗོད་བཅས་དབུ་སྐུལ་གནང་སྟེ། (འཇམ་དཔལ་མཚན་བརྗོད་དབུ་སྐུལ་གནང་བ་དང་དགེ་བཤེས་ལྷ་རམས་པ་རྣམས་ཀྱང་རྒན་གཞོན་གོ་རིམ་ལྟར་གདོང་གྲལ་ནས་རིམ་བཞིན་ཕེབས་ཏེ་གྲལ་དབུར་རྟེན་གསུམ་རྣམས་ལ་མཇལ་དར་དང་། ཁྲི་ཆེན་སྟེང་དུ་༸ སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་མཇལ་དར་དང་རྟེན་དོད། དེ་བཞིན་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་སོགས་ལ་དབུ་བཏུགས་ཞུ་བ་དང་མཇལ་དར་སོགས་ཕུལ་རྗེས་གྲལ་དབུ་ནས་ཞལ་མར་ཕྱོགས་ནས་སོ་སོའི་བཞུགས་གྲལ་ལ་བཀོད། )ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་པའི་མཚམས་སུ་བླ་མ་གཞུང་ལེན་པས། རྟགས་བསལ་གཏོང་དགོས་པའི་བརྡ་གནང་བ་དང་། དབུ་མ་བདག་འགོག་འཛིན་གྲྭ་ནས་འཛིན་གྲྭ་རྒན་རིམ་བཞིན་རྟགས་བསལ་བཏང་། འཛིན་གྲྭ་སོ་སོས་རྟགས་གསལ་དུས་ཡུན་ཇི་ཙམ་གཏོང་དགོས་མིན་བླ་མ་གཞུང་ལེན་པས་ཚོད་འཛིན་གནང་། དམ་བཅའ་ཆེན་པོར་འཛིན་གྲྭ་སོ་སོས་རྟགས་གསལ་གཏོང་བ་དང་མཚམས་རེར་དཔེ་ཁྲིད་དགེ་རྒན་དང་མཁས་དབང་དགེ་བཤེས་རྣམས་ཀྱིས་རྟགས་གསལ་སྒྲུབ་གནང་མཛད། མཚན་ཕུད་དམ་བཅའ་ལ་སྦྱིན་བདག་ཁག་གིས་གསོལ་ཇ་བཞེས་བག་དང་། བཞེས་ཐུག་སྐུ་འགྱེད་བཅས་འབུལ་བ་དང་། མཇུག་ཏུ། འཇམ་དཔལ་མཚན་བརྗོད་འདོན་འཕྲོ་བསྐྱངས་ཏེ། བསྟན་འབར་མ་གསུང་གྲུབ་རྗེས་འདུས་མང་གིས་དྷི༔སྐད་བརྒྱབས་ཏེ་ཆུ་ཚོད་༡༡ ཙམ་ལ་མཚན་ཕུད་དམ་བཅའ་ཆེན་མོ་གྲོལ།