༄༅། །བློ་གླིང་གྲྭ་ཚང་གི་ཨར་ལས་རྒྱག་བཞིན་པའི་སྤྱི་པའི་ཐབ་ཚང་གསར་པའི་སྒོ་ཆེན་བླངས་ཏེ་རྟེན་འབྲེལ་མཛད་སྒོ་གནང་ཡོད།
དེ་རིང་སྟེ་བོད་རྒྱལ་ལོ་ ༢༡༤༨ གྲོ་བཞིན་ཟླ་བའི་ཚེས་༩ ། ཕྱི་ལོ་༢༠༢༢ ཟླ་བ་ ༡༡ ཚེས་ ༢ འབྱུང་འཕྲོད་ས་ཆུ། རེས་གཟའ་ལྷག་པ་ྋརྒྱལ་བའི་བླ་གཟའ་ལྷག་དཀར་དགེ་བའི་ཉིན་གྱི་སྔ་དྲོ་ཕྱག་མཛོད་ཁྲི་པ་འཇམ་དབྱངས་དབང་ཕྱུག་གཙོས་ཕྱག་མཛོད་རྣམས་དང་། ཨར་ལས་བཟོ་པ་རྒྱ་གར་བ་རྣམས་དང་། ཨར་པོ་ལས་བྱེད་པ་རང་རིགས་གྲྭ་བཅས་ལྷན་འཛོམས་ཐོག་ཐབ་ཚང་ཤིང་གི་སྒོ་ཆེན་བླངས་ཏེ་ཁ་དར་གསར་པ་སྒྲོན་པ་སོགས་ཀྱིས་རྟེན་འབྲེལ་གནང་ཡོད། རྒྱ་གར་བའི་ལུགས་སྲོལ་ལྟར་ཟ་ཆས་མི་འདྲ་བ་རིགས་འགའ་གཅལ་དུ་བཀྲམས་ཏེ་གསོལ་བ་སྨོན་ལམ་དང་འབྲེལ་ལྷ་ལ་འབུལ་བ་སོགས་ཀྱི་མཛད་སྒོ་གྲུབ་ནས་མཐར་ཕྱག་མཛོད་ཀྱིས་རྒྱ་གར་བ་ལས་མི་རྣམས་ལ་སྟོང་མིན་རྟེན་འབྲེལ་མཚོན་བྱེད་དུ་ཤོག་ཆག་རེ་ཕུལ་ཡོད།
བློ་གླིང་གྲྭ་ཚང་གི་སྤྱི་ཐབ་ཁང་རྙིང་པ་གྲྭ་མང་གིས་ལོ་མང་རིང་བེད་སྤྱད་གནང་སྟབས་ད་ལྟའི་ཆར་གང་ས་ནས་རྙིང་ཧྲུལ་གྱུར་ཏེ་དཀའ་ངལ་ཅི་ཆེར་འཕྲད་པར་བརྟེན་ཐབ་ཚང་རྙིང་པ་བཤིགས་ཏེ་དེའི་ཐོག་ཅུང་ཟད་རྒྱ་བསྐྱེད་གནང་སྟེ་དེང་རབས་དང་འཚམས་པའི་ཐབ་ཚང་དཀར་ཆ་དོད་ལ། ཁོར་ཡུག་རྒྱ་ཆེ་བ། གྲྭ་ཚང་གི་གྲྭ་པ་ཐབ་ལས་པ་རྣམས་དཀའ་ངལ་ཆེར་འཕྲད་མི་དགོས་པའི་ལས་ཀ་སྟབས་བདེ་ཡོང་བའི་དམིགས་ཡུལ་ཞིག་གི་ཐོག་ནས་ལས་དོན་དེ་འགོ་བཙུགས་པ་དང་ད་སྐབས་ཨར་ལས་ཀྱི་ལས་དོན་སྒྲུབ་བཞིན་པ་ཡིན།