༄༅། །འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་བ།
བོད་རྒྱལ་ལོ་ ༢༡༥༡ བོད་ཟླ་ ༧ བོད་ཚེས་ ༥ ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༨ དབྱར་གནས་སྐབས་རེས་གཟའ་ཉི་མའི་ཉིན་དབུ་འཛུགས་ཀྱིས་སྐུ་ཚེ་མི་ཤིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་ཚེ་སྒྲུབ་དང་འབྲེལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་ལམ་ཞུ་གཏན་ཁེལ་བ་ལྟར་ཉིན་གསུམ་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་འཚོགས་ཡོད།
དེ་ཡང་རང་ཅག་བོད་མི་གངས་ཅན་པ་ཡོངས་ཀྱི་ལྷ་སྐལ་འཕགས་མཆོག་ཐུགས་རྗེ་ཆེན་པོ་མི་ཡི་གར་དུ་རྣམ་པར་རོལ་བ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག །བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་སྒོ་སོག་སྤྲུལ་སྐུ་ངག་དབང་གསུང་རབ་དཔལ་བཟང་པོ་མཆོག་བཅས་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་སླད་དུ། མཁས་མང་བློ་གསལ་གླིང་གི་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ལྷུན་འགྲུབ་མཆོག་དང་། དབུ་མཛད་གོ་བོ་དགེ་བཤེས་ཨ་དགའ། བླ་མ་གཞུང་ལེན་པ་རྩེད་ཐང་དགེ་བཤེས་བསྟན་འཛིན་དཔལ་མཆོག །ཁྲིམས་བདག་དགེ་བསྐོས་ཏྲེ་ཧོར་དགེ་བཤེས་རྒྱ་མཚོ་དོན་འགྲུབ་བཅས་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྒྱལ་སྲས་བླ་སྤྲུལ་ཁག་ཞལ་གྲངས་༡༡༣ རྒྱལ་དབང་ཡིད་བཞིན་ནོར་བུ་དགུང་གྲངས་༡༡༣ བཞུགས་རྒྱུའི་རྟེན་འབྲེལ་ལ་དམིགས་ཏེ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་ཀྱི་བསྙེན་པ་གསོག་སྒྲུབ་གནང་ཡོད།
རིང་མོ་ཉིད་ནས་མཁས་མང་བློ་གསལ་གླིང་གྲྭ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བོད་ཟླ་ ༧ ཚེས་ ༨ ཕྱི་ཟླ་ ༩ ཚེས་ ༡༡ དཔལ་ལྡན་འབྲས་དཀར་སྤུངས་པའི་ཀླུ་འབུམ་དུས་ཆེན། རེས་གཟའ་ལྷག་པ་༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན་བློ་གླིང་གཙུག་ལག་ཁང་དུ་ཞོགས་པ་ཆུ་ཚོད་ ༧ ཐོག་དགེ་འདུན་འདུས་མང་ཚོགས་ཞུགས་མཇུག་བསྒྲིལ་ཟིན་རྗེས། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག ། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་སྒོ་སོག་སྤྲུལ་སྐུ་ངག་དབང་གསུང་རབ་དཔལ་བཟང་པོ་མཆོག་བཅས་སྐུའི་གཟི་བྱིན་ཉི་འོད་འབུམ་གྱིས་འཁྱུད་པ་འདྲ་བའི་ལྷམ་མེར་གསལ་བཞིན་བློ་གསལ་གླིང་གི་སྤྲུལ་པའི་གཙུག་ལག་ཁང་གི་ནང་དུ་བཞུགས་པའི་དམར་སེར་མཚམས་སྤྲིན་གསར་པའི་མདངས་ཀྱིས་ཀུན་ནས་མཛེས་པ་བཀླུབས་པ་སྐྱབས་གནས་འདུས་པ་རྒྱ་མཚོའི་དབུས་ནས་སེར་པོ་གསེར་མདོག་གིས་བརྒྱན་པའི་དབུ་ལ་གདུགས་ཀྱི་གུར་ཁང་ཕིབས་པ་དང་། སྔུན་དུ་དུང་དང་རྒྱ་གླིང་། སྤོས་ཕོར་ལས་དུ་སྤྲིན་བསངས་ཀྱི་དྲི་ཞིམ་འཐུལ་བཞིན་ཕྱག་མཛོད་དགེ་བཤེས་འཇམ་དབྱངས་དབང་ཕྱུག །ཁྲིམས་བདག་དགེ་བསྐོས་དགེ་བཤེས་རྒྱ་མཚོ་དོན་འགྲུབ། བླ་མ་གཞུང་ལེན་པ་དགེ་བཤེས་བསྟན་འཛིན་དཔལ་མཆོག །མོན་གྷོ་ས་གནས་གཞིས་འགོ། དགེ་ལུགས་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན། དགེ་ལུགས་སྤྱི་འཐུས་དགེ་བཤེས་བློ་བཟང་ཕན་བདེ། སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ལྷུན་འགྲུབ་སོགས་ཀྱིས་གདོང་གྲལ་གཡས་ནས་ཕེབས་བསུ་གནང་ཞིང་། ཆོས་རྗེ་རྣམ་པ་གསུམ་གྱིས་རྟེན་གསུམ་ཁག་ལ་མཇལ་བཅར་དང་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས། བཞུགས་ཁྲིའི་སྟེང་དུ་ཞབས་སོར་བདེ་བར་འཁོད། དེ་ནས་དབུ་མཛད་ཀྱིས་གནས་བཅུ་དབུ་སྐུལ་གནང་། རིམ་བཞིན་བརྟན་བཞུགས་ཀྱི་མཎྜལ་དང་ཚོགས་མཆོད་རྫས་བརྒྱད་སོགས་འབུལ།
བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ལྷུན་འགྲུབ་མཆོག་གིས་རྫས་བརྒྱད་ཀྱི་བཤད་པ་འབྲེལ། རྒྱུད་སྟོད་མཁན་རིན་པོ་ཆེ་ཚུལ་ཁང་རྗེ་བཙུན་གངས་དཀར་སྤྲུལ་སྐུ། བློ་གླིང་ཉང་པོ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་རྣམ་གསུམ་གྱིས་བཀྲ་ཤིས་པའི་རྫས་བརྒྱད་སོགས་འདེགས་འབུལ་གནང་བ་དང་། ཆོས་རྗེ་རྣམ་པ་གསུམ་ལ་འབུལ་མཚོན་ཡང་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། ཕྱག་དཔེ། འབྲུ་རིགས་སྣ་ལྔ། བཞུགས་གདན་སོགས་གྱ་ནོམ་པར་འབུལ། གྲྭ་ཚང་གིས་འདུས་མང་ཡོངས་ལ་གསོལ་ཇ་བཞེས་བག་དང་། གྲོ་མ་འབྲས་སིལ། སྐུ་འགྱེད་སྒོར་༥༠༠ བཅས་ཀྱི་བསྙེན་བཀུར་ཕུན་སུམ་ཚོགས་པར་བྱས་གནང་།
བརྟན་བཞུགས་ཐོག་ཕེབས་པའི་སྐུ་མགྲོན་ཡང་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་རྗེ་བཙུན་དཀོན་མཆོག་དཔག་བསམ། གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ལྷུན་འགྲུབ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ། དགེ་ལུགས་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན། དགེ་ལུགས་སྤྱི་འཐུས་དགེ་བཤེས་བློ་བཟང་ཕན་བདེ། རྒྱུད་སྟོད་མཁན་རིན་པོ་ཆེ་ཚུལ་ཁང་རྗེ་བཙུན་གངས་དཀར་སྤྲུལ་སྐུ། བློ་གླིང་ཉང་པོ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན། སྒོ་མང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་མཚན། རྒྱུད་སྨད་མཁན་རིན་པོ་ཆེ་རྗེ་བཙུན་ངག་དབང་སངས་རྒྱས། ཤར་རྩེ་མཁན་རིན་པོ་ཆེ་རྗེ་བཙུན་བྱང་ཆུབ་སངས་རྒྱས། བྱང་རྩེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་པ། སེར་བྱེས་མཁན་རིན་པོ་ཆེ་རྗེ་བཙུན་བཀྲ་ཤིས་ཚེ་ཐར། རྭ་སྟོད་མཁན་རིན་པོ་ཆེ་རྗེ་བཙུན་བསོད་ནམས་རྒྱལ་མཚན། མོན་གྷོ་ས་སྐྱ་མཁན་རིན་པོ་ཆེ། གཞན་ཡང་མོན་གྷོ་ས་གནས་གཞིས་འགོ་མཆོག ། བཀའ་ཟུར་ཐུབ་བསྟན་ལུང་རིགས། དཔལ་འབྱོར་དྲུང་ཟུར་ཚེ་རིང་དོན་འགྲུབ། གྲྭ་ཚང་ཁག་གི་མཁན་ཚབ། ཚོགས་པ་ཁག་གི་འགན་འཛིན། འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་དང་སྒོ་མང་ཕྱག་མཛོད། དགའ་ལྡན་བླ་སྤྱི་དང་ཤར་བྱང་གཉིས། སེ་ར་བླ་སྤྱི་དང་བྱེས་སྨད་གཉིས་ཀྱི་སྐུ་ཚབ། བཀྲས་ལྷུན་དང་རྒྱུད་གྲྭ་སྟོད་སྨད་ཀྱི་ཕྱག་མཛོད། མོན་གོ་ས་སྐྱ་དགོན་དང་རྙིང་དགོན། བཀའ་དགོན་སོགས་ཀྱི་སྐུ་ཚབ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གཞན་ཡང་སྐུ་མགྲོན་རྣམས་ཀྱིས་ཆོས་རྗེ་རྣམ་པ་གསུམ་ལ་འབུལ་མཚོན་དང་མཇལ་དར་བཅས་འབུལ་ལམ་ཞུས་ཡོད། བརྟན་བཞུགས་གྲོལ་བ་དང་སྐུ་མགྲོན་རྣམས་ལ་གསོལ་ཚིགས་ཀྱང་གཟབ་རྒྱས་འབུལ་ལམ་ཞུས་ཏེ་བརྟན་བཞུགས་ཀྱི་མཛད་སྒོ་གྲོལ།
གྲྭ་ཚང་གི་མཁན་རིན་པོ་ཆེ་དབུས་བླ་མ་ལས་སྣེ་རྣམས་དང་། ཕྱག་མཛོད་ཁྲི་པ་དགེ་བཤེས་འཇམ་དབྱངས་དབང་ཕྱུག་མཆོག་གཙོས་ཕྱག་མཛོད་སྐབས་བཅུ་བདུན་པའི་ཕྱོགས་བཞུགས་ཕྱག་མཛོད་རྣམས་ཀྱང་གྲྭ་ཚང་དུ་ཆེད་ཕེབས་གནང་སྟེ་རླབས་ཆེན་གྱི་བྱ་བ་འདིའི་ཐོག་ཕྱར་བ་གྲུ་འདེགས་ཐོག་ཕྱག་ལས་རྒྱ་ཆེར་གནང་ཡོད།
བཙན་བྱོལ་དུ་རི་བོ་དགེ་ལྡན་པའི་ཆོས་རྗེ་རྣམ་པ་གསུམ་ལ་གྲྭ་ཚང་ངམ་དགོན་སྡེ་ཞིག་གིས་དུས་གཅིག་ཏུ་བརྟན་བཞུགས་འབུལ་བ་ཡང་ཐེངས་དང་པོ་ཆགས་ཡོད། འདི་ལྟ་བུའི་སྒྲིག་འཛུགས་ཤིག་ཡོད་པ་དེས་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལྟ་བུ་འདི་ཉིད་ཕྱོགས་ཀུན་ཏུ་སྲ་བརྟན་ཚགས་ཚུད་དང་དར་རྒྱས་བྱུང་བ་ཡང་རི་བོ་དགེ་ལྡན་པའི་བསྟན་པའི་བདག་པོ་རྣམས་དང་པོ་གྲྭ་རྐྱང་དཀྱུས་མ་ནས་དགོན་སྡེ་ཁག་ལ་སློབ་གཉེར་གནང་བ་དང་། ཐོས་པས་མཐར་རྒྱ་བཅད། བསམ་པས་གཏན་ལ་འབབས། སྒོམ་པས་ཉམས་སུ་བླངས་ཏེ་མཐར་གྲུབ་པའི་རྒྱལ་མཚན་འཛུགས་པའི་བཀའ་དྲིན་ལས་བྱུང་ཡོད།
སྤྱིར་ཐུབ་བསྟན་ཡུན་རིང་གནས་པ་དང་།།
སྒོས་ཞྭ་སེར་ཅོད་པན་འཆང་བ་ཡི།།
དཔལ་མཉམ་མེད་རི་བོ་དགའ་ལྡན་པ།།
ཕྱོགས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག།