ཕྱི་ལོ་༢༠༢༢་ལོའི་ཟླ་བ་༩ པའི་ཚེས་༡ ཉིན་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོ་གནང་ཡོད་ཅིང་། དེ་ཡང་༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོའི་དགོངས་བཞེད་དང་མཐུན་པ་དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡ ནས་ ༧ བར་གྱི་རྒྱ་གར་བྱང་ཤར་དང་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་ཡོད། སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་བཅས་ཕེབས་ཡོད་ཅིང་། དེའི་རིང་མཁས་མང་བློ་གསལ་གླིང་གི་ཆོས་རའི་ནང་བསྡུས་གྲྭ་འཛིན་གྲྭ་རྣམས་དང་ལྷན་དུ་དགོང་དྲོ་ཆུ་ཚོད་༧ དང་ཕྱེད་ཀ་ནས་ ༩ པའི་བར་རིགས་ལམ་སྦྱོང་བ་དང་། ཟླ་བ་ ༩ ཚེས་ ༣ ཉིན་གུང་སློབ་ཕྲུག་རྣམས་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་བརྗོད་གཞི་འགལ་བ་དང་གཞི་མཐུན་སྐོར་དམ་བཅའ་ཆེན་མོ་ཞིག་ཀྱང་ཚོགས་གནང་མཛད་ཡོད། ཕྱི་ཟླ་ ༩ པའི་ཚེས་ ༦ ཉིན་མཁས་མང་བློ་གསལ་གླི་ང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དབུ་ཞུགས་ཐོག་སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་ཡིག་དགེ་རྒན་དང་ཚན་རིག་དགེ་རྒན་རྣམ་པས་རིགས་ལམ་རྩོད་རྒྱུགས་སྤྲོད་དེ་སཾ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭའི་ལྟ་གྲུབ་སློབ་དཔོན་དང་བློ་གླིང་གྲྭ་ཚང་གི་དགེ་རྒན་ཁག་ཅིག་གིས་རྒྱུགས་ཞིབ་པའི་འགན་བཞེས་ཏེ་བརྒྱ་ཆ་འབུལ་བ་སོགས་བྱས་ཏེ་རྩོད་རྒྱུགས་བརྒྱ་ཁའི་ངང་གྲོལ་ཡོད།