༄༅། །འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་དཔལ་ལྡན་ཤེས་རིག་ལས་ཁུངས་དང་བློ་གླིང་གྲྭ་ཚང་གཉིས་མཉམ་འབྲེལ་ཐོག་སྃ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་ཡིག་དགེ་རྒན་དང་ཚན་རིག་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་གནང་བ།
ཕྱི་ལོ་༢༠༢༢་ལོའི་ཟླ་བ་༨་པའི་ཚེས་༢༦ནས་ཟླ་བ་༩པའི་ཚེས་༧བར་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་གཉིས་མཉམ་འབྲེལ་གོ་སྒྲིག་འོག་སྃ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་ཡིག་དགེ་རྒན་དང་ཚན་རིག་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་གནང་རྒྱུའི་དབུ་འབྱེད་མཛད་སྒོ་ཚེས་༢༦ཉིན་གནང་ཡོད་ཅིང་། སྐུ་མགྲོན་གཙོ་བོ་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དང་། བློ་གླིང་ཕྱག་མཛོད་ཁྲི་པ་དགེ་བཤེས་འཇམ་དབྱངས་དབང་ཕྱུག་མཆོག །དེ་ནས་ཚོགས་བཅར་བ་སོ་སོའི་ངོ་སྤྲོད་མདོ་བསྡུས་རེ་གནང་བ་དང་། ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་ཟབ་སྦྱོང་གི་རྒྱབ་ལྗོངས་དང་ཉིན་གྲངས་བཅུ་གཅིག་གི་ལས་རིམ་སྙིང་བསྡུས་ཀྱི་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་གིས་ཝཱཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་སྡེ་ཚན་གྱི་ལྟ་གྲུབ་སློབ་དཔོན་བློ་བཟང་རྒྱ་མཚོ་ལགས་ཀྱིས་བརྩམས་པའི་རིགས་ལམ་བརྒྱུད་བརྡ་སྤྲོད་ཁྲིད་ཐབས་ཀྱི་དཔེ་དེབ་དབུ་འབྱེད་གནང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་སྐོར་གསུང་། ཁྱད་སྟོན་པ་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་ནས་ཟབ་སྦྱོང་གི་དགོས་དམིགས་འགྲུབ་ཐབས་སུ་སློབ་ཁྲིད་གནང་མཁན་ངོས་ནས་གྲ་སྒྲིག་དང་མཉམ་ཞུགས་པས་མཐུན་འགྱུར་ཇི་དགོས་སྐོར་གསུང་། དེ་ནས་སྐུ་མགྲོན་གཙོ་བོ་བློ་གླིང་མཁན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་། ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་ཐུགས་རྗེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་གྲོལ། བསླབ་གཞི་ནི་ཝཱཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་སྡེ་ཚན་གྱི་ལྟ་གྲུབ་སློབ་དཔོན་བློ་བཟང་རྒྱ་མཚོ་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དགེ་བཤེས་ངག་དབང་བརྩོན་འགྲུས་ཀྱིས་བཟོ་སྒྲིག་གནང་བ་དེ་ཉིད་གཞི་བཟུང་སྟེ་རིགས་ལམ་སྦྱོང་བ་དང་། སྃ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་བཅོ་བརྒྱད་ཙམ་གྱིས་དགེ་རྒན་སུམ་ཅུ་ལྷག་ཕེབས་ཏེ་རིགས་ལམ་ཟབ་སྦྱོང་གནང་ཡོད། དེའི་རིང་བློ་གསལ་གླིང་གྲྭ་ཚང་གིས་དགེ་རྒན་རྣམས་བཞུགས་གནས་དང་རིགས་ལམ་ཀྱི་རྩོད་ཟླ་སོགས་མཐུན་འགྱུར་གང་དགོས་རྒྱ་ཆེར་བསྐྲུན་གནང་ཡོད།