༄༅། །འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་བྱང་ཤར་དང་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་གནང་བ།
ཕྱི་ལོ་༢༠༢༢་ལོའི་ཟླ་བ་༩ པའི་ཚེས་༡ ཉིན་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོ་གནང་ཡོད་ཅིང་། དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡ ནས་ ༧ བར་གྱི་རྒྱ་གར་བྱང་ཤར་དང་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་ཞིང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། དམིགས་བསལ་སྐུ་མགྲོན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་བགྲེས་པ་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་དབང་ཕྱུག་ལགས། ཕྱག་མཛོད་དགེ་བཤེས་ལྷ་རམས་པ་བསྟན་འཛིན་སྙན་གྲགས་ལགས། གཞན་ཡང་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་བཅས་ཚོགས་ཕེབས་གནང་ཡོད། ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་ཟབ་སྦྱོང་གི་རྒྱབ་ལྗོངས་དང་ཉིན་གྲངས་བདུན་གྱི་ལས་རིམ་སྙིང་བསྡུས་ཀྱི་གསུང་བཤད་གནང་གྲུབ་མཚམས་སློབ་གྲྭ་ཁག་བརྒྱད་ཀྱི་སློབ་ཕྲུག་རྣམས་ཀྱིས་སྐར་མ་ལྔ་རེར་རྟགས་བསལ་སྤྱན་འབུལ་ཞུས། དེ་ནས་དམིགས་བསལ་སྐུ་མགྲོན་གཙོ་བོ་བློ་གླིང་ཕྱག་མཛོད་ཁྲི་པ་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་དབང་ཕྱུག་ལགས་ཀྱིས་རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་དེ་དག་ཆོས་པ་གཅིག་པོས་སྦྱང་རྒྱུ་ཞིག་མིན་པར། སྐྱ་སེར་ཕོ་མོ་ཐུན་མོང་གིས་སྦྱང་རྒྱུ་ཞིག་ཡིན་པའི་སྐོར་མ་འོངས་མངོན་གཟིགས་ཀྱི་ལུང་བསྟན་རིམ་པ་ཕེབས་པ་ལྟར། ཤེས་རིག་ལས་ཁུངས་ནས་དེ་སྔ་ཡང་རིགས་ལམ་འདུ་འཛོམས་ལན་མང་གོ་སྒྲིག་གནང་ཡོད་པ་དང་། ད་ལན་ཡང་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་དང་སློབ་ཕྲུག་གི་རིགས་ལམ་འདུ་འཛོམས་ཀྱི་ལས་གཞི་ཁག་གཉིས་འབྲས་སྤུངས་བློ་གསལ་གླིང་དུ་གོ་སྒྲིག་ཞུ་འཆར་སྐོར་འདི་ལོ་ཕྱི་ཟླ་ ༥ ནས་གོ་བསྡུར་བྱུང་བ་ལྟར། དངོས་སུ་འདུ་འཛོམས་ཐུབ་པར་དགའ་པོ་བྱུང་བ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་འཆར་གཞི་ལྟར་མཐར་ལས་གཞི་གཉིས་པོ་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ཐུབ་པར་གྲྭ་ཚང་གི་ངོས་ནས་མཐུན་འགྱུར་གང་དགོས་ཞུ་རྒྱུ་ཡིན། ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་གཉིས་ནས་ལས་གཞི་གོ་སྒྲིག་ཐུབ་པ་ཙམ་གྱིས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་དཀའ་བས། མཆོད་སྤྲིན་ངོ་མ་དེ་འདི་གར་ཕེབས་པའི་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་ཚོའི་རྒྱུན་ལྡན་གྱི་འབད་བརྩོན་དང་། ལྷག་པར་འདི་གར་བདུན་གཅིག་རིང་སྦྱོང་བརྡར་གནང་བ་དེ་དོན་དང་ལྡན་པ་ཞིག་བྱུང་ན། ཤེས་རིག་ལས་ཁུངས་ཀྱི་འགྲོ་གྲོན་ཆུད་ཟོས་སུ་མི་འགྲོ་བ་དང་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མར་འགྱུར་ཐུབ་པ་ཡིན་གསུངས། དེ་མིན་སློབ་ཕྲུག་དང་དགེ་རྒན་རྣམ་པར་རིགས་ལམ་གྱི་སྦྱོང་བརྡར་ཡག་པོ་ཡོང་བར་འདི་གའི་གྲྭ་མང་དང་གྲྭ་ཚང་གི་སློབ་ཕྲུག་རྣམས་རྩོད་ཟླར་གཏོང་རྒྱུ་སོགས་ཀྱི་ཐད་རྒྱབ་སྐྱོར་ཇི་དགོས་ཞུ་རྒྱུ་ཡིན། དེ་བཞིན་འདི་གར་དགེ་བའི་བཤེས་གཉེན་མཁས་པ་མང་པོ་ཡོད་པའི་སྐུ་མདུན་ནས་སློབ་ཕྲུག་ཚོའི་སེམས་ཁམས་དང་མཐུན་པར་རིགས་ལམ་དང་ནང་ཆོས་ལ་དོ་སྣང་ཡོང་སླད་བཀའ་སློབ་ཞུ་དགོས་མཆིས་ཚེ་ལྟ་གྲུབ་དགེ་རྒན་ལྷན་དུ་བཀའ་བསྡུར་གྱིས་མཐུན་འགྱུར་ཇི་དགོས་ཞུ་རྒྱུ་ཡིན་སྐོར་གསུངས། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་དམངས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་འབྲུག་ཚེ་བརྟན་མཆོག་གིས་རིགས་ལམ་གྱི་གལ་གནད་དང་འབྲེལ་བའི་སྐོར་བཀའ་སློབ་ལམ་སྟོན་གནང་། ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་ཐུགས་རྗེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད། རིགས་ལམ་འདུ་འཛོམས་ཀྱི་དམིགས་ཡུལ་ནི། ༸ སྤྱི་ནོར་ ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་མཐུན་པ་སློབ་ཕྲུག་རྣམས་ཀྱིས་རིགས་ལམ་འགྲོ་སྟངས་ལེགས་པར་ཤེས་ཐབས་དང་། གོ་སྒྲིག་ཞུ་ཡུལ་གྱི་སློབ་གྲྭ་དང་སློབ་ཁག་ནང་ཁུལ་བར་གྱི་རིགས་ལམ་སློབ་ཁྲིད་ཀྱིཉམས་མྱོང་སྤེལ་ཐབས། སློབ་ཚན་གཞན་རྣམས་རིགས་ལམ་བརྒྱུད་ནས་སློབ་ཁྲིད་ཐུབ་ཐབས་ལ་ཕན་གྲོགས་ཡོང་ཐབས་བཅས་ཡིན་འདུག །ད་རེས་ལས་འཆར་འདིའི་ནང་མཉམ་ཞུགས་གནང་མཁན་ལྷོ་ཕྱོགས་དང་བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་༡༦ ཡི་འཛིན་རིམ་དྲུག་པ་ནས་དགུ་པའི་བར་སློབ་ཕྲུག་ཕོ་མོ་གྲངས་ ༡༡༣ ལྟ་གྲུབ་དགེ་རྒན་༡༤ ཁྱོན་བསྡོམས་དགེ་སློབ་གྲངས་༡༢༧ ཙམ་མཉམ་ཞུགས་གནང་ཡོད་པ་དང་། སྔ་དྲོ་ཆུ་ཚོད་ ༦ ནས་དགོང་མོ་ཆུ་ཚོད་ ༨།༣༠ བར་གྱི་ལས་རིམ་ཁོངས་འཛིན་རིམ་སོ་སོར་འཛིན་གྲྭ་འཚོགས་རྒྱུ་དང་། དམ་བཅའ་དང་དམ་བཅའ་ཆེན་མོ། སློབ་ཕྲུག་རེ་རེའི་དབར་རྩོད་ཟླ་བསྒྲིག་རྒྱུ་སོགས་ཀྱི་ལས་རིམ་ཡོད་པ་མ་ཟད། དགོང་མོའི་རྩོད་སྦྱོང་སྐབས་བློ་གསལ་གླིང་གྲྭ་ཚང་གི་སློབ་གྲྭའི་དགེ་འདུན་པ་རྣམས་དང་རིགས་ལམ་འདུ་འཛོམས་སུ་ཕེབས་པའི་སློབ་ཕྲུག་དབར་རྟགས་བསལ་གཏོང་རྒྱུ་སོགས་ཀྱི་བྱེད་སྒོ་ཡོད་པ་རེད། མཐའ་མར་སློབ་གྲྭ་སོ་སོའིའཛིན་རིམ་སོ་སོའི་སློབ་ཕྲུག་ནང་ཁུལ་རྩོད་རྒྱུགས་ཀྱི་ལམ་ནས་སློབ་མ་རྩེ་ཕུད་གཉིས་རེ་འདེམས་སྒྲུག་གནང་རྒྱུ་དང་། འཛུལ་ཞུགས་གནང་མཁན་སློབ་མ་རྣམས་ལ་ལག་ཁྱེར་ཡང་འབུལ་རྒྱུ་རེད་འདུག །