༄༅། ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་༣༣ འཁོར་བའི་དུས་ཆེན་ཁྱད་པར་ཅན་དགའ་དད་སྤྲོ་གསུམ་ངང་ནས་བསུ་བ་ཞུ་བ་དང་འབྲེལ་ཉམ་ཐག་ཡུལ་མི་ཚོ་ལ་སྐམ་ཟས་སྦྱིན་གཏོང་གནང་བ།
ཕྱི་ལོ་ ༢༠༢༢ ཟླ་བ་༡༢ ཚེས་༡༠ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་མཁན་བླ་འདུས་མང་ཡོངས་ཀྱིས་བཀའ་གུས་ཕྱག་གྲངས་མེད་སྔོན་དུ་བཏང་བའི་སྒོ་ནས་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་སྒོ་ནས་འཚམས་འདྲི་ཞུ།
སྐབས་དེར་ནོར་ཝེ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ཆེ་བསྟོད་ཚིག་བརྗོད་ནང་ ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་བདེན་དོན་འཐབ་རྩོད་འཚེ་མེད་ཞི་བའི་ལམ་དུ་འཁྲིད་གནང་མཛད་པར་གཟེངས་བསྟོད་ཞུ་རྒྱུ་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་ཆོས་རིག་གོམས་གཤིས་སྲུང་སྐྱོབ་བྱ་ཆེད་གཉིས་མོས་གུས་བརྩི་དང་གུ་ཡངས་ཀྱི་ལམ་ནས་བོད་དོན་འགྲིག་འཇགས་ཡོང་ཐབས་གནང་བཞིན་ཡོད། ཅེས་གསུངས་ཡོད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དགོངས་བཞེས་དང་མཛད་རྗེས་ལ་གཟེངས་བསྟོད་གུས་བཀུར་ཆེན་པོ་ཞུས་པ་མ་ཟད།
ནོ་སྦེལ་གཟེངས་རྟགས་དགྱེས་བཞེས་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། “ཁྱེད་རྣམ་པས་བོད་ནས་ཡོང་བའི་གྲྭ་པ་སྙོམ་ཆུང་ཞིག་ལ་གལ་ཆེའི་གཟེངས་བསྟོད་འདི་འདྲ་ཞིག་གནང་བ་དེས་ངོས་རང་ལ་ཆེ་མཐོང་གི་ཚོར་བ་དང༌། སེམས་འགུལ་གཏིང་ཟབ་ཐེབས་བྱུང༌། ངོས་རང་དམིགས་བསལ་ཅན་གྱི་མི་ཞིག་མིན་ནའང་གཟེངས་བསྟོད་འདིས་ངོས་ནས་སངས་རྒྱས་བཅོམ་ལྡན་འདས་དང༌། འཕགས་བོད་སྐྱེས་ཆེན་དམ་པ་རྣམས་ཀྱི་བསླབ་བྱ། གཞན་ཕན་དང༌། བྱམས་པ། སྙིང་རྗེ། འཚེ་བ་མེད་པ་བཅས་ཀྱི་སྙིང་པོ་ཉམས་ལེན་ཅི་ཐུབ་བྱས་པ་དེར་ངོས་འཛིན་གནང་བ་ཞིག་ཡིན་པར་ཡིད་ཆེས་ཡོད། ངོས་ནས་འཛམ་གླིང་གི་ས་ཕྱོགས་གང་སར་མནར་གཅོད་འོག་ཚུད་པའི་སྐྱེ་བོ་སྤྱི་དང༌། འཛམ་གླིང་ཞི་བདེ་དང་རང་དབང་གི་དོན་དུ་འབད་བརྩོན་བྱེད་བཞིན་པའི་སྐྱེ་བོ་ཡོངས། ངོས་རང་ལ་བསླབ་བྱ་དང་སེམས་འགུལ་ཐེབས་སའི་འཚེ་མེད་ཞི་བའི་ལག་ལེན་བརྒྱུད་འགྱུར་བ་གཏོང་རྒྱུའི་ལམ་སྲོལ་དེང་དུས་ཡོད་པ་འདི་ཉིད་གསར་གཏོད་གནང་མཁན་བདག་ཉིད་ཆེན་པོ་གཱན་དྷི་མཆོག ཁྱད་པར་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་སྙིང་སྟོབས་ཅན་གྱི་ངོས་ཀྱི་ཡུལ་མི་བོད་མི་ཕོ་མོ་ས་ཡ་དྲུག་གི་ཚབ་ཞུས་ཏེ་གཟེངས་བསྟོད་ངོས་བཞེས་ཞུ་ཡི་ཡོད།” ཅེས་བཀའ་གནང་ཡོད།
དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ཡང་༸མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཁག་གཞིར་བཟུང་སྟེ་ཤར་བསྐྱོད་ཐོག་ཅི་གསུང་བཀའ་སྒྲུབ་དང་དབུ་འོག་དཔུང་འདེགས་ཕྱར་གྲུ་མཉམ་འདེགས་ཀྱི་ལམ་ནས་ནང་ཚོགས་ཆོས་སློབ་གཉེར་སོགས་བསླབ་གསུམ་ཉམས་བཞེས་ཀྱི་བྱ་བ་དང་། ཕྱི་སྤྱི་ཚོགས་ལ་སྨན་པའི་ལས་དོན་མི་འདྲ་བ་དུ་བསྒྲུབས་དང་སྒྲུབ་ཡིན་ཅིང་། ད་རེས་ཀྱང་དུས་ཁྱད་པར་ཅན་འདི་དང་བསྟུན་ནས་རྒྱ་གར་གྲོང་སྡེ་ཡུལ་མི་སྐྱོ་པོ་རིགས་ཁག་ཅིག་ལ་འབྲས་སོགས་སྐམ་ཟས་རིགས་སྦྱིན་གཏོང་གནང་ཡོད་པ་ལ་བརྟེན་ནས། རང་ཅག་རྣམས་ཀྱི་མགོན་དཔུང་བླ་ན་མ་མཆིས་པཆེན་པོ་ ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞི་བདེ་འབྱུང་བ། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་ཞུ།