༄༅། །དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་སྒོམ་སྒྲུབ་ཚན་རིག་ལྟེ་གནས་ཁང་དུ་དགེ་བཤེས་ཁག་གཅིག་ལ་གློག་ཀླད་རྨང་གཞི་ཤེས་བྱ་གསར་ཁྲིད་དབུ་འཛུགས་གནང་བ།
ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་༢༠ ཉིན་བློ་གླིང་ཚན་རིག་ལྟེ་གནས་ཁང་དུ་གློག་ཀླད་རྨང་གཞི་ཤེས་བྱ་གསར་ཁྲིད་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད། དེ་ཡང་ཟླ་བ་གསུམ་ཙམ་རིང་གཟའ་འཁོར་གཅིག་ལ་ཐེངས་གཉིས་རེ་འཚོག་རྒྱུ་ཡིན་པ་དང་། གློག་ཀླད་སྦྱོང་བ་ལ་འདོད་མོས་ཡོད་མཁན་དགེ་བཤེས་ཁག་གཅིག་ཕེབས་ཡོད་པ་རེད། གློག་ཀླད་སློབ་མཁན་གྱི་དགེ་རྒན་ནི་རང་ཁོངས་ཀྱི་གྲྭ་ཏྲེ་ཧོར་དགེ་བཤེས་བྱམས་པ་དབང་ལྡན་ཡིན་པ་རེད། ཁོང་ནི་བློ་གླིང་ཆོས་རིག་འཛིན་སྐྱོང་གི་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་དང་། བོད་ཀྱི་བརྡ་སྤྲོད་རིག་པ་དང་དབྱིན་ཇིའི་སྐད་ཡིག་བཅས་ལ་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཡོན་ཏན་སོགས་ལ་ཤེས་ཚོད་ཀྱི་མྱོང་གོམས་ཟབ་ཅིང་། རིམ་བཞིན་གཞུང་ཆེན་པོད་ལྔ་ལ་གསན་བསམ་བྱས་ཏེ་འཛིན་གྲྭ་རིམ་བགྲོད་ཀྱིས་དགེ་བཤེས་གཏོང་གནང་མཛད་རྗེས། མོན་གྷོ་གཞིས་གྲོང་གསུམ་པའི་པདྨ་ཚལ་སློབ་གྲྭར་ལོ་མང་རིང་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་རྨང་གཞི་བརྡ་སྤྲོད་རིག་པ་སོགས་ལ་བསླབས་ནས་གྲུབ་འབྲས་བཟང་པོ་ཐོབ་ཡོད། ད་སྐབས་ཀྱང་སློབ་གྲྭ་དེའི་སློབ་མ་རྣམས་ལ་སློབ་ཁྲིད་གནང་བའི་ཞོར་ལ་བློ་གླིང་ཚན་རིག་ལྟེ་གནས་ཁང་དུ་གློག་ཀླད་ཀྱི་སློབ་ཚན་ཁྲིད་བཞིན་པ་བཅས།