༄༅། །ཕྱི་ལོ་ ༢༠༢༤ ལོའི་གངས་ཅན་གྱི་དཔལ་ནཱ་ལནྡཱ་གཉིས་པ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ།
བོད་རྒྱལ་ལོ་ ༢༡༥༡ ཟླ་བ་ ༦ པའི་ཚེས་ ༡༧ དང་། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༡ རེས་གཟའ་ལྷག་པ་ཉིན་གངས་ཅན་གྱི་དཔལ་ནཱ་ལནྡཱ་གཉིས་པ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་བློ་རྒྱུགས་དབུ་འཛུགས་གནང་ཡོད་ཅིང་། དེ་ཡང་སྔར་སྲོལ་བཞིན་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་དུ་དངོས་སུ་ཞུགས་དགོས་པའི་སློབ་གཉེར་བ་ཉམ་ཐག་ནད་པ་དང་གྲྭ་ཚང་གི་ལས་སྣེ་འཁེལ་བ་འགའ་རེ་མ་གཏོགས་སློབ་གཉེར་བ་ཞལ་གྲངས་༼༨༩༢༽ལོ་འཁོར་རྒྱུགས་སྤྲོད་དུ་ཞུགས་ཡོད།
ཕྱི་ཚེས་ ༢༧ ནས་བཟུང་ཞོགས་པ་ཆུ་ཚོད་ ༨ པ་ནས་ ༡༡ དང་། ཉིན་རྒྱབ་ཆུ་ཚོད་ ༢ པ་ནས་ ༥ པའི་བར། དགོང་མོའི་ཆུ་ཚོད་ ༦ པ་ནས་ ༩ པའི་རྩོད་རྒྱུགས་བླངས་ཡོད་པ་དང་། རྒྱུགས་སྤྲོད་མཁན་གྲྭ་ཚང་གི་འཛིན་གྲྭ་ ༡༦ ཡོད་པ་རྣམས་རྩོད་རྒྱུགས་འཛིན་གྲྭ་གཉིས་རེ་བྱས་ཁག་བརྒྱད་ལ་བགོས་ཡོད། ཚོགས་ཡུན་རེ་ལ་འཛིན་གྲྭ་རེ་ནས་ཞལ་གྲངས་ ༡༢ རེས་རྒྱུགས་སྤྲོད་ཐུབ་ཀྱི་ཡོད་པ་དང་། ཚོགས་ཡུལ་གསུམ་ནས་ཉིན་མ་གཅིག་ལ་ཞལ་གྲངས་ ༣༦ གིས་རྒྱུགས་སྤྲོད་ཐུབ་ཀྱི་ཡོད། རྒྱུགས་སྤྲོད་ཁག་ ༨ ནས་བསྡོམས་ ༢༢༨ འགྲོ་ཡི་ཡོད། ཉིན་ ༤ ནང་རྩོད་རྒྱུགས་གྲུབ་འགྲོ་བ་དང་། རྟགས་རིགས་ལ་རྩོད་ལན་གཉིས་ལ་དུས་ཡུན་སྐར་མ་ ༡༠ ཙམ་དང་། གཞན་རྣམས་ལ་སྐར་མ་༡༥ རེ་ཡིན། རྒྱུགས་སྤྲོད་ཀྱི་དུས་ཡུན་རིང་ལྟ་རྟོག་བྱེད་མཁན་འདི་ལོའི་རྒྱུགས་ཞིབ་ལྷན་ཁང་གི་རྒྱུན་ལས་རྣམ་པ་དང་། དགེ་བསྐོས་དང་ཆབ་རིལ། གྲྭ་ཚང་གི་ཁང་ཚན་ཉེར་ལྔའི་ཁང་རྒན་རྣམས་ཀྱིས་ཀྱང་ལྟ་རྟོག་གནང་དགོས། ཕྱི་ཚེས་ ༣༠ སྔ་དྲོར་རྩོད་རྒྱུགས་གྲུབ་པ་དང་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ལྷུན་འགྲུབ་མཆོག་གིས་བཀའ་སློབ་སློབ་གཉེར་གནང་ཕྱོགས་དང་འབྲེལ་བའི་བཀའ་སློབ་གནང་། དེ་བཞིན་ཁྲིམས་བདག་དགེ་བསྐོས་མཆོག་གིས་ཀྱང་ཁྲིམས་སྒྲིགས་ལམ་དང་སློབ་གཉེར་གནང་ཕྱོགས་སྐོར་བཀའ་སློབ་གནང་། ཕྱག་མཛོད་ཁང་དང་དབུ་ཆོས་ལྷན་ཁང་ནས་ཁྲིམས་བདག་དགེ་བསྐོས་མཆོག་དང་། བླ་མ་གཞུང་ལེན་པ། བློ་རྒྱུགས་དང་རྩོད་རྒྱུགས་བཞེས་མཁན། རྒྱུགས་སྤྲོད་སྐབས་ཕྱག་རོགས་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་འབུལ་བཞེས་གནང་།
ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༩ པོའི་ཚེས་ ༢༡ རེས་གཟའ་སྤེན་པ་ནས་སྔ་དྲོར་སྤྲུལ་པའི་གཙུག་ལག་ཁང་དུ་ཆུ་ཚོད་ ༨ ནས་ཆུ་ཚོད་ ༡༡ བར་དང་། ཉིན་རྒྱབ་ཆུ་ཚོད་ ༢ པ་ནས་ཕྱི་དྲོ་ཆུ་ཚོད་ ༥ པའི་བར་བྲིས་རྒྱུགས་འབུལ་ལམ་བྱས་ཏེ་ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༩ ཚེས་ ༢༦ ཉིན་བྲིས་རྒྱུགས་སོགས་ལེགས་པར་གྲུབ།
གསང་སྔགས་རྒྱུགས་སྤྲོད།
ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༩ ཚེས་ ༡༣ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གྲྭ་ཚང་གི༸སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ལྷུན་འགྲུབ་མཆོག་དབུ་བཞུགས་ཐོག །བླ་མ་གཞུང་ལེན་པ་དགེ་བཤེས་བསྟན་འཛིན་དཔལ་མཆོག །ཁྲིམས་བདག་དགེ་བསྐོས་དགེ་བཤེས་རྒྱ་མཚོ་དོན་འགྲུབ། དབུ་མཛད་དགེ་བཤེས་ཨ་དགའ། རྒྱུགས་སྤྲོད་ཚོགས་ཆུང་གི་ཚོགས་མི་ཡོངས། རྒྱུགས་སྤྲོད་ཞིབ་བཤེར་པའམ་བརྒྱ་ཆ་འབུལ་མཁན་རྣམ་པ། སྔགས་ཀྱི་འཛིན་གྲྭ་རྒྱུད་སྡེ་འོག་མ། བསྐྱེད་རིམ། རྫོགས་རིམ་བཅས་འཛིན་གསུམ་བཅས་ལྷན་འཛོམས་ཐོག་སྔགས་ཀྱི་བྲིས་རྩོད་གཉིས་རྒྱུགས་སྤྲོད་གནང་ཡོད་པ་རེད།
དེ་ཡང་གྲྭ་ཚང་ནས་དགེ་བཤེས་རྣམས་དཔལ་ལྡན་རྒྱུད་སྨད་དང་། རྒྱུད་སྟོད་གྲྭ་ཚང་བཅས་སུ་ལོ་གཅིག་རིང་ཆོས་ཐོག་ཕེབས་ནས་སླར་ཡང་ཕྱིར་འཁོར་མཚམས་ལོ་གསུམ་རིང་རྒྱུད་སྡེ་འོག་མ་དང་། བསྐྱེད་རིམ། རྫོགས་རིམ་བཅས་གཟིགས་ནས་རྒྱུགས་སྤྲོད་གནང་དགོས་པ་ཞིག་ཡིན།
དེ་རིང་སྔ་དྲོར་གཙུག་ལག་ཁང་གསར་པའི་སུམ་ཐོག་ཚོམས་ཆེན་གཡས་གཡོན་གཉིས་སུ་ཆུ་ཚོད་ ༨ ནས་དབུ་ཚུགས་ཏེ་སྔགས་ཀྱི་འཛིན་གྲྭ་གསུམ་གྱིས་བྲིས་རྒྱུགས་དང་། ཉིན་རྒྱབ་ཆུ་ཚོད་ ༢ པ་ནས་ཕྱི་དྲོ་ཆུ་ཚོད་ ༦ པའི་བར་རྩོད་རྒྱུགས་འབུལ་བཞེས་གནང་།
དགེ་བཤེས་རྒྱུགས་འབུལ་མཁན་རྒྱུད་སྡེ་འོག་མ་ལ་ཞལ་གྲངས་ ༢༠ དང་། བསྐྱེད་རིམ་ལ་ཞལ་གྲངས་ ༩ ། རྫོགས་རིམ་ལ་ཞལ་གྲངས་༡༦ བཅས་ཁྱོན་དགེ་བཤེས་ ༤༥ ཡིས་སྔགས་ཀྱི་རྒྱུགས་སྤྲོད་གནང་ཡོད་དོ།།