༄༅། །ཞིང་གཤེགས་བློ་གླིང་མཁན་རབས་བརྒྱད་ཅུ་པ་སྐྱབས་རྗེ་བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོ་མཆོག་དགོངས་པར་རྫོགས་པའི་སྐུ་གདུང་ཞུགས་འབུལ་གནང་བ།
ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༡༣ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་མཁན་རབས་བརྒྱད་ཅུ་སྤོམ་ར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོ་མཆོག་བོད་རྒྱལ་ལོ་༢༡༤༩ ཟླ་༨ ཚེས་ ༡༠ ཕྱི་ལོ་༢༠༢༢ ཟླ་བ་ ༡༠ ཚེས ༥ ཉིན་སྐུ་ཞི་བའི་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ཐུགས་དམ་ལས་གྲོལ་ཏེ་བོད་ཟླ་༨་ཚེས་༡༩ ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་འབྲས་བློ་གླིང་སྤོམ་ར་ཁམས་ཚན་གྱི་གཙུག་ལག་ཁང་གི་མདུན་ཐང་དུ་སྐུ་གདུང་ཞུགས་འབུལ་གནང་ཡོད།
སྔ་དྲོ་ཆུ་ཚོད་༧ པ་ཙམ་ལ་བླ་བྲང་ནས་སྤོམ་ར་ཁམས་ཚན་གྱི་གཙུག་ལག་ཁང་གི་མདུན་ཐང་བར་དུ་གྲྭ་མང་སེར་སྒྲེང་གིས་སྤོས་སྣེ་དང་བཅས་གདན་ཞུ་གནང་། གཙོ་བོ་དཔལ་ལྡན་འབྲས་སྤུངས་མཁན་པོ་ཁྲི་པ་རྗེ་བཙུན་དཀོན་མཆོག་དཔག་བསམ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་། གྲྭ་ཚང་གི་དབུ་ཆོས་རྣམ་པ་གསུམ་དང་། སྒོ་མང་གི་ཕྱག་མཛོད་ཁྲི་པ། བློ་གླིང་གི་ཕྱག་མཛོད་ཁྲི་པ་དབུས་ཕྱག་མཛོད་རྣམ་པ། གཞན་ཡང་ཚོགས་སྡེ་ཁག་གི་སྐུ་ཚབ། དགེ་འདུན་འདུས་མང་རྣམས་ཁམས་ཚན་གྱི་ཆོས་རར་གདན་འཛོམས་པའི་དབུས་སུ་གྲྭ་ཚང་དབུ་མཛད་ཆེན་མོ་གོ་བོ་དགེ་བཤེས་ཨ་དགའ་མཆོག་གིས་དབུ་སྐུལ་ཐོག་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ། རྟེན་འབྲེལ་བསྟོད་པ་སོགས་གསུང་གནང་བ་དང་། གསོལ་ཇ་བག་ལེབ་དང་། བླ་བྲང་དང་དགེ་ཕྲུག་ཁག་གིས་དགེ་འདུན་འདུས་མང་ཡོངས་ལ་སྐུ་འགྱེད་བཅས་ཀྱི་བསྙེན་བཀུར་ཞུས་ཏེ་མཆོད་འབུལ་རྒྱ་ཆེར་གནང་། ཁྲིམས་བདག་དགེ་བསྐོས་ཕུ་ཁང་དགེ་བཤེས་ཐུབ་བསྟན་ལྷུན་འགྲུབ་མཆོག་གིས་སྐྱབས་ཐོ་སྒྲོག་སྦྱོང་གནང་བ་སོགས་སྐྱབས་འཇུག་ཞུས། སྐུ་གདུང་ཞུགས་འབུལ་བ་སྐྱབས་རྗེ་སྤོམ་ར་ཟངས་འབུམ་ཐུབ་བསྟན་ཚུལ་ཁྲིམས་རིན་པོ་ཆེ་མཆོག་དབུས་དཔལ་ལྡན་རྒྱུད་སྟོད་པའི་སྔགས་རམ་པ་བཞི་དང་དགེ་བཤེས་ཁག་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་གི་ཆོ་ག་དང་འབྲེལ་བའི་སྒོ་ནས་སྐུ་གདུང་ཞུགས་འབུལ་གནང་ཡོད།