༄༅། །འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཟུར་རྡོ་རྗེ་འཆང་༸རྗེ་བཙུན་རི་རྫོང་སྲས་རིན་པོ་ཆེ་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་རང་ཡུལ་ལ་དྭགས་ནས་དཔལ་ལྡན་འབྲས་སྤུངས་སུ་ཆིབས་བསྒྱུར་བསྐྱངས་གནང་བ།
ཕྱི་ལོ་༢༠༢༢ ལོའི་ཟླ་བ་༡༠ ཚེས་ ༡༢ ལྷག་དཀར་ཉིན་གྱི་སྔ་དྲོར་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་བརྒྱ་དང་གཉིས་པ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་པོ་མཆོག་ལ་དྭགས་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཀླུ་འཁྱིལ་ཁམས་ཚན་ཁྲི་ཟུར་བླ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད།
མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་གཙོས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་དཔལ་ལྡན་གྲགས་པ་མཆོག་དང་། ཁྲིམས་བདག་དགེ་བསྐོས་མཆོག །གྲྭ་ཚང་གི་ཕྱག་མཛོད་རྣམ་པ། ཁང་རྒན་བཅས་ནས་མཇལ་དར་འདེགས་འབུལ་དང་འབྲེལ། སློབ་གཉེར་བ་ཡོངས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཞྭ་སེར་བསྟན་པའི་གཙུག་རྒྱན་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་མཆོག (འབྲས་སྤུངས་བློ་གསལ་གླིང་མཁན་རབས་དོན་དྲུག་པ་དང༌། ལ་དྭགས་རི་རྫོང་དགོན་གྱི་སྲས་གྲུབ་པའི་དབང་ཕྱུག་གི་སྐུ་ཕྲེང་གསུམ་པ་ཡིན) ནི། ཕྱི་ལོ་༡༩༢༧ ལོར་ལ་དྭགས་མང་སྤྲོ་ཞེས་པའི་མཁར་དུ་མེས་དབོན་བཙན་པོའི་གདུང་རྒྱུད་སྐྱབས་རྗེ་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེའི་སྐུ་མཆེད་དུ་ཡབ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་དང༌། ཡུམ་ཚེ་རིང་ལྷ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ྋགོང་ས་བཅུ་གསུམ་པ་ཆེན་པོས་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གནང་སྟེ་དགུང་ལོ་བཞི་ཙམ་ནས་རི་རྫོང་དགོན་དུ་བཞུགས། དགའ་ལྡན་ཁྲི་ཆེན་གོ་བཞི་པ་རྗེ་བཙུན་ལྷུན་འགྲུབ་བརྩོན་འགྲུས་མདུན་ནས་ཕྱི་ལོ་༡༩༤༦མཁན་སློབ་སྦྲགས་མ་གནང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དངུལ་ཆུ་སྤྲུལ་པའི་སྐུ་ལས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་ཀྱི་བཀའ་ལུང་གསན། ཕྱི་ལོ་༡༩༤༩ལོར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས། སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེའི་ཡོངས་འཛིན་རྒྱས་པ་མཁན་ཟུར་བློ་བཟང་འབྱུང་གནས་དཔལ་བཟང་པོ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་ཐོག་མར་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ཕྱི་ལོ་༡༩༧༢ ལོར་དགེ་བཤེས་ལྷ་རམས་འཕར་མའི་མཚན་རྟགས་བཞེས། དེ་འཕྲལ་རྒྱུད་སྨད་དུ་སྒྲིག་ཞུགས་མཛད་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གི་དྲུང་ནས་འགྲེལ་བ་བཞི་སྦྲགས་སོགས་སྔགས་ཀྱི་འཆད་ཉན་ལེགས་གྲུབ་ཐོག་ལོ་གཉིས་རིང་རྒྱུད་པའི་ཆོས་ཐོག་ཆ་ཚང་སྐོར་བར་མཛད། ༡༩༧༤ལོར་རྒྱུད་པའི་དགེ་བསྐོས་མཛད། ྋགོང་ས་མཆོག་གིས་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་ཕེབས་ཏེ་བླ་མ་དབུ་མཛད་དང་མཁན་པོ་གནང་། ཕྱི་ལོ་༡༩༨༤ལོར་ྋགོང་ས་མཆོག་གིས་བློ་གླིང་མཁན་པོར་ཕྱག་རྟགས་བསྩལ་བར་དགོངས་ཞུས་མཛད་ཀྱང་ལོ་གཉིས་ཙམ་རིང་ངེས་པར་བྱེད་དགོས་ཕེབས་པ་ལྟར་ལོ་གཉིས་ཚང་ནའང་གྲྭ་ཚང་གིས་མཁན་ཐོག་གཅིག་རིང་ངེས་པར་རང་འཇགས་འཇོག་གནང་ཡོང་བ་ྋགོང་ས་མཆོག་ལ་ཡང་ཡང་སྙན་སྐུལ་ནན་ཞུས་དོན་སོན་ཐོག །ལོ་དྲུག་ལྷག་ཙམ་མཁན་པོའི་མཛད་འགན་བཞེས། ཕྱི་ལོ་༡༩༩༥ ཕྱི་ཟླ་ ༩ ཚེས་ ༡ཉིན་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས། ཕྱི་ལོ་ ༢༠༠༩ཟླ་༡༠ ཚེས་ ༢༦ ཉིན་རྡ་ས་ནོར་གླིང་དུ་༸གོང་ས་མཆོག་གི་མཛད་རྣམ་སྒོ་དབྱེ་དང་ལྷན་དུ་༸གོང་ས་མཆོག་གིས་གཙོས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སོགས་ཆོས་རྒྱུད་ཁག་གི་བླ་མ་རྣམ་པ་སོགས་དང་དགེ་འདུན་གྱི་སྡེ་མང་ཚོགས་སྟོང་ཕྲག་དུ་མའི་དབུས་སུ་དགའ་ལྡན་གསེར་ཁྲི་ལ་མངའ་གསོལ་བའི་མཛད་སྒོ་གནང་བ་དང་། རིམ་གྱིས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཁྲི་འདོན་མཛད་སྒོ་ཡང་གནང་། ཕྱི་ལོ་༢༠༡༦ ཁྲི་ལས་ཟུར་ཏེ་གདུལ་བྱ་རྣམས་ལ་དབང་ལུང་མན་ངག་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་མནོས་ཞོར་ད་ལྟར་བདག་ཅག་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་མགོན་དཔུང་དམ་པར་བཞུགས་བཞིན་པ་འདིའོ།། རྣམ་ཐར་རྒྱས་པ་མཁས་མང་བློ་གསལ་གླིང་གི་འཕགས་བོད་ཆོས་འབྱུང་ཛམྦུའི་གསེར་གྱི་འཁྲི་ཤིང་ལ་གཟིགས་པར་ཞུ།