རླབས་ཆེན་ཚོགས་གཉིས་འཛིན་མ་ལས་འཁྲུངས་ཤིང་།།
སྐུ་བཞི་ཡལ་འདབ་ཆ་ཤས་ཅི་ཡང་གྲོལ།།
གཞན་ཕན་འཕྲིན་ལས་འབྲས་བུ་གཡུར་ཟ་བའི།།
ཐུབ་དབང་དཔག་བསམ་ལྗོན་པ་ཕྱག་གི་ཡུལ།།
རྣམ་འདྲེན་རྒྱལ་བའི་ཆོས་ཚུལ་མཐའ་དག་ལ།།
རྣམ་དཔྱོད་བློ་གྲོས་ཐོགས་པ་མེད་འཇུག་ཅིང་།།
རྒྱལ་བསྟན་ཉི་མ་བཞིན་དུ་གསལ་མཛད་པའི།།
ཀླུ་སྒྲུབ་ཐོགས་མེད་ཞབས་ལ་སྤྱི་བོས་འདུད།།
མཉམ་མེད་ཤཱཀྱ་སེང་གེའི་རིང་ལུགས་ཆེ།།
འཕགས་ཡུལ་མཁས་གྲུབ་ཡོངས་ཀྱི་དགོངས་ཟབ་གནས།།
ཐུབ་བསྟན་ཡོངས་རྫོགས་ཉི་ལྟར་གསལ་མཛད་པའི།།
འཇམ་མགོན་བླ་མ་མི་ཕྱེད་གཙུག་གི་རྒྱན།།
མགོན་དེའི་འཕྲིན་ལས་ཕྱོགས་མཐར་སྐྱོང་བ་ལ།།
སྨོན་པའི་སྟོབས་མངའ་མཁྱེན་རབ་འཇམ་དབྱངས་དང།།
མི་གཉིས་བློ་བཟང་རྒྱལ་བསྟན་སྤེལ་བའི་གཉེན།།
འཇམ་དབྱངས་ཆོས་རྗེའི་ཞབས་ལ་ལན་བརྒྱར་འདུད།།
བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཆུ་གཏེར་ལས།།
རྣམ་དཔྱོད་རླབས་དཀར་གྱེན་དུ་འཕྱོ་བའི་གཟིས།།
ལུང་རྟོགས་ཡོན་ཏན་ནོར་བུའི་དོ་ཤལ་ཕྲེང་།།
སྤེལ་མཁས་གྲགས་པའི་དཔལ་ལ་མགོས་ཕྱག་འཚལ།།
རྒྱལ་ཀུན་སྙིང་རྗེའི་རང་ཞལ་འཛུམ་པའི་བཞིན།།
མུ་མེད་འགྲོ་བའི་སྙིང་གི་གདུང་བ་སེལ།།
རབ་སྙན་གསུང་གི་ཞི་བདེའི་སྦྲང་ཆར་འབུམ།།
འབེེབས་མཁས་གངས་ཅན་མགོན་པོར་སྙིང་ནས་དད།།
མཁས་མང་བློ་གསལ་བྱེ་བའི་གསེར་གྱི་ཕྲེང་།།
རབ་མཛེས་གཟི་འོད་འཁྱུག་པའི་གླིང་འདི་ཡི།།
བཤད་སྒྲུབ་ལས་ཀྱི་འཁོར་ལོའི་སྙན་པའི་གཏམ།།
མ་ནོར་སྙིང་བསྡུས་གསལ་བར་འགོད་པར་སྤྲོ།།
མཁས་གྲུབ་གསེར་རིའི་ཕྲེང་མང་བསྟར་བསྒྲིགས་ཤིང་།།
བློ་གྲོས་འོད་ཀྱི་གཟི་ཁྱིམ་རབ་གསལ་བའི།།
གནས་བརྟན་སྡོམ་བརྩོན་བྱེ་བའི་ཆོས་གླིང་འདིར།།
ཐུབ་བསྟན་རྒྱལ་མཚན་བླ་ནས་བླ་ན་བསྒྲེངས།།