འབྲས་བློ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསམ་གཏན་མཆོག་ཁྲི་གཞུག་རྟེན་འབྲེལ་མཛད་སྒོ།
༢༠༢༤ ཟླ་ ༧ ཚེས་ ༡༤ ཉིན་བོད་ནས་ཕེབས་པའི་སྦག་སའི་གནས་བརྟན་བགྲེས་པ་རྣམས་ཀྱི་རྗེས་སུ་དགེ་བཤེས་གསར་པ་མཁན་པོའི་ཁྲི་ལ་ཕེབས་པ་ཐོག་མ་བློ་གླིང་མཁན་ཐོག་གྱ་གཉིས་པ་འབྲས་བློ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསམ་གཏན་དཔལ་བཟང་པོ་མཆོག་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་པོའི་མཛད་འགན་བཞེས་ནས་ལོ་དྲུག་ཚང་བས་ཁྲི་གཞུག་རྟེན་འབྲེལ་མཛད་སྒོ་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ པའི་ཐོག་འདུས་མང་ཡོངས་གཙུག་ལག་ཁང་དུ་ཚོགས་ཞུགས་སྒྲིལ་བ་དང་། མཁན་རིན་པོ་ཆེ་མཆོག་ཆབ་རིལ་ནས་གདན་ཞུས་ཀྱིས་བཞུགས་ཁྲི་ལ་འཁོད། བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཡེ་ཤེས་ཆོས་འཕེལ་ཀྱིས་གྲྭ་ཚང་གི་ཚབ་གནང་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་ཕྱག་རྟགས་འབུལ་ལམ་ཞུས། ཉིན་དེར་གཙོ་བོར༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞབས་རིམ་དུ་སྒྲོལ་དཀར་ཚེ་སྒྲུབ་དང་འབྲེལ་བའི་སྒྲོལ་མའི་གཟུངས་སྔགས་དང་སྨན་བླའི་གཟུངས་སྔགས་གསོག་སྒྲུབ་གནང་། མཁན་རིན་པོ་ཆེ་བླ་བྲང་དང་འབྲེལ་ཡོད་བཅས་ནས་་འདུས་མང་ལ་གསོལ་ཇ་བཞེས་བག་དང་གསོལ་ཞོ་མར་ཁུ་སྐུ་འགྱེད་སོགས་ཀྱིས་བསྙེན་བཀུར་ཞུས་གནང་ཐོག །གྲྭ་ཚང་རིན་པོ་ཆེ་ལ་སྤྱི་འཇོག་ཏུ་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་སྲུང་མ་མགོན་པོ་ཞལ་བཞི་པའི་སྐུ་ཐང་བྲིས་མ་སྤུས་ལེགས་གཅིག་དང་། ཁང་ཚན་སོ་སོར་སྐུ་ཐང་དེའི་མེ་ལོང་དཔར་བཤུས་བྱས་ཏེ་གོས་ཤམ་བརྒྱབ་པ་སྐུ་ཐང་རེ། ཚོགས་སུ་གྲྭ་མང་ལ་སྲུང་མ་མགོན་པོ་ཞལ་བཞི་པའིསྐུ་པར་རེ།
ཁྲིམས་བདག་དགེ་སྐོས་རྒྱས་པ་དགེ་བཤེས་ངག་དབང་སངས་རྒྱས་ལགས་ཀྱིས་མཁན་རིན་པོ་ཆེའི་ཕྱག་རྗེས་འབྲེལ་བའི་སྐྱབས་འཇུག་ཞུས། མཁན་རིན་པོ་ཆེས་ལོ་དྲུག་ལྷག་གི་རིང་༸ སྐྱབས་མགོན་རིན་པོ་ཆེའི་དགོངས་པ་གཞིར་བཟུང་གྲྭ་ཚང་གི་ལས་དོན་མཐའ་དག་ལྷག་བསམ་ཟོལ་མེད་ངང་སྒྲུབ་གནང་བ་དང་། དེའི་རིང་བླ་མ་གཞུང་ལེན་པ་དང་། དགེ་བསྐོས་རིམ་བྱོན། ཕྱག་མཛོད་རིམ་བྱོན། དཔེ་མཛོད་འགན་འཛིན། སྨན་ཁང་དབུ་འཛིན། རྒྱུགས་སྤྲོད་ཚོགས་ཆུང་སོགས་གྲྭ་ཚང་རིན་པོ་ཆེའི་ཚོགས་པ་ཆེ་འབྲིང་ཆུང་གསུམ་སོགས་ཀྱིས་ལས་དོན་གང་གི་ཐོག་ཕྱར་བ་གྲུ་འདེགས་ཀྱིས་སྔོན་གྱི་སྦག་སའི་གནས་བརྟན་བགྲེས་པ་རྣམས་ཀྱིས་ཕྱག་ལས་གང་གནང་ཡོད་པ་དེ་གཞིར་བཞག་ཐོག་ཡར་རྒྱས་སུ་སོང་ཡོད་པ་དང་། བཙན་བྱོལ་དུ་ཕེབས་ནས་དགའ་ལྡན་ཁྲི་པ་བརྒྱད་ཕེབས་ཡོད་པ་ལས་ལྔ་བློ་གསལ་གླིང་གྲྭ་ཚང་རང་ནས་ཕེབས་ཡོད་ཅིང་། རྗེས་མར་ཡང་དེ་ལུགས་ཀྱིས་སློབ་གཉེར་ཡག་པོ་གནང་དགོས་པ་སོགས་གསུང་གནང་། ཚོགས་སུ་ཞལ་འདོན་སོགས་གསུང་གྲུབ་རྗེས་ཞོགས་ཚོགས་གྲོལ།
ཆུ་ཚོད་ ༨།༣༠ ཐོག་དབུ་ཆོས་རྣམ་པ་གསུམ་དང་། ཕྱག་མཛོད་ཁྲི་པ། ཁང་ཚན་ཉེར་བཞིའི་སྤྱི་རྒན་དང་ཁང་རྒན་ཉེར་བཞིས་ཕྱག་ཏུ་སྤོས་སྣེ་དང་མཇལ་དར། སྐུ་ལ་ཆོས་གོས་དང་དབུ་ཞྭ་རྩེ་སྒྲོ་མ་བནབས་ཏེ་་ནས་ཆོས་ར་བར་ཕེབས་བསུ་དང་། དེ་ནས་མཁན་རིན་པོ་ཆེ་མཆོག་གིས་སེམས་བསྐྱེད་ཀྱི་བརྩི་བཞག་གནང་། དེ་ནས་སླར་ཡང་དབུ་ཆོས་གསུམ་དང་ཁང་སྤྱི་རྣམས་ཀྱིས་ཉང་པོ་ཁང་ཚན་དུ་གདན་ཞུ་གནང་ཏེ་ཉང་པོ་ཁང་ཚན་གྱིས་མདོ་ལུགས་དང་འབྲེལ་བའི་བརྟན་བཞུགས་ཕུལ་གྲུབ་པ་དང་ཆུ་ཚོད་༡༠།༤༥ ཐོག་ལ་གོང་ཞུས་རྣམས་ཀྱིས་གཙུག་ལག་ཁང་དུ་ཕེབས་བསུ་གནང་། མཁན་རིན་པོ་ཆེ་ཁྲིའི་སྟེང་དུ་བཞུགས་གྲུབ་པ་དང་འབྲས་སྤུངས་བླ་སྤྱིའི་སྐུ་ཚབ་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་ཚུལ་ཁང་མཁན་ཟུར་དཀོན་མཆོག་དཔག་བསམ་མཆོག་དང་གྲྭ་ཚང་རིན་པོ་ཆེ་དང་འབྲེལ་ཡོད་ཁག་གཅིག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་། དེ་ནས་ས་གནས་གཞིས་འགོ་དང་ས་འཐུས། ལས་ཁུངས་ཁག །དགའ་འབྲས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྒྱལ་སྲས་བླ་སྤྲུལ་ཁག་དབུས་འབྲེལ་ཡོད་སེར་སྐྱ་འདུས་མང་ཡོངས་ཀྱིས་བཀྲ་ཤིས་པའི་མཇལ་དར་ཕུལ་གྲུབ་པ་དང་། འབྲས་སྤུངས་ཁྲི་པ་རིན་པོ་ཆེ་དབུས་མཁན་ལས་ཟུར་དང་གྲྭ་ཚང་ཁག་གི་ལས་བྱེད་ཆེ་ཕྲ་ཁག་འདུ་ཁང་ཐོག་ཁའི་རབ་གསལ་ཁང་དུ་གསོལ་ཚིགས་དང་། སྐུ་མགྲོན་མང་ཚོགས་རྣམས་འདུ་ཁང་འོག་གསོལ་ཚིགས་ཁང་དུ་བཞེས་ལག་གཟབ་རྒྱས་དང་ཐུགས་རྗེ་ལེགས་གསོལ་འབུལ་བ་དང་། དགེ་འདུན་འདུས་མང་ཡོངས་ལ་ཉིན་གུང་བཞེས་ལག་འབུལ་ལམ་ཞུས་ཏེ་ཁྲི་གཞུག་མཛད་སྒོ་ལེགས་པར་གྲུབ་ཡོད།