༄༅། །དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འདོན་བཟང་སྐལ་བཟང་རྣམས་ཀྱིས་བློ་རྒྱུགས་འབུལ་བཞེས་མཛད་པ།
ཕྱི་ལོ་༢༠༢༢ ལོའི་ཟླ་ ༡༢ ཚེས་ ༢ རེས་གཟའ་པ་སངས་ཉིན་གྲྭ་ཚང་གི་བློ་གསལ་གླིང་འདོན་བཟང་སྐད་བཟང་རྣམས་ཀྱིས་བློ་རྒྱུགས་འབུལ་བཞེས་མཛད་ཡོད། མཁས་མང་བློ་གླིང་གྲྭ་ཚང་གི་དབུ་མཛད་ཆེན་མོ་གོ་བོ་དགེ་བཤེས་ཨ་དགའ་མཆོག་དང་། འདོན་བཟང་སྐད་བཟང་གི་གཉེར་པ་གཉིས་ཀྱིས་ཐུགས་འགན་གཙོ་བོར་བཞེས་པའི་ཐོག་འདོན་བཟང་སྐད་བཟང་བློ་རྒྱུགས་འབུལ་མཁན་རྣམས་རྒྱུགས་བཞེས་མཛད་ཡོད།
བློ་རྒྱུགས་ནི་སྐྱབས་འགྲོ་སེམས་བསྐྱེད་ནས་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་དང་། གདུགས་ཤེར་སེང་གསུམ། རྒྱན་འཇུག་གཉིས་སོགས་གང་འབུལ་ཡང་འཐུས། བློ་རྒྱུགས་ཕུལ་གྲུབ་པ་དང་དབུ་མཛད་དང་གཉེར་པ། རྒྱུགས་བཞེས་པ་འདོན་བཟང་སྐད་བཟང་རྒན་པ་རྣམས་རྣམས་ཀྱིས་ཤོག་གྲངས་བརྩིས་ཏེ་ཤོག་གྲངས་མང་བ་རྒྱུགས་འབུལ་མཁན་རྣམས་ལ་ཚོགས་དབུས་སུ་གཟེགས་བསྟོད་བྱ་དགའ་ཡང་ཕུལ་དང་འབུལ་བཞིན་ཡོད། འདོན་སྐད་བཟང་བློ་རྒྱུགས་འབུལ་མཁན་ཡང་བརྒྱ་ཕྲག་མ་ཟིན་ཙམ་མཆིས།
འདོན་བཟང་སྐད་བཟང་རྣམས་ཀྱི་ཐུགས་འགན་གཙོ་བོ་ནི་ལོ་ལྟར་རྟ་སྦྱངས་སམ་དབྱངས་སྦྱངས་འཚོགས་དགོས་པ་དང་། འདོན་བཟང་སྐད་བཟང་བརྒྱ་ཕྲག་ལྷག་གིས་གྲྭ་ཚང་གི་འདོན་རྟ་དབྱངས་ཀྱི་ཁོངས་སུ་ཐུན་མོང་མ་ཡིན་པའི་ཆོས་ར་དང་ཚོགས་སུ་འདོན་སྲོལ་ཡོད་པའི་ཆོད་སྤྱོད་ཁག་གི་རྟ་ཆེན་དང་བར་རྟའི་རིགས་དང་། གྲྭ་ཚང་གི་གཏོར་འབུལ་རྟ་ཆེན། ཚོགས་ཆེན་གྱི་གཏོར་འབུལ་རྟ་ཆེན། བླ་མ་མཆོད་པའི་ཚོགས་རྟ་རྒྱས་པ་སོགས་དང་། གཞན་ཉིན་ཆོས་དང་སྐུ་རིམ། གྲྭ་ཇ་བཅས་ཀྱི་སྐབས་གསུང་དགོས་པའི་ཚོགས་འདོན་རིགས་སྔར་གྱི་ཕྱག་སྲོལ་བཟང་པོ་ཡོད་པ་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་གནང་མཛད་དགོས།
གནའ་སྔ་མོར་དབྱར་གྱི་ཆོས་མཚམས་ཆེན་མོའི་སྐབས་དབྱངས་སྦྱོང་ཚོགས་ཀྱི་ཡོད་ཀྱང་། དེང་སྐབས་ཆོས་མཚམས་ཆེན་མོའི་སྐབས་ལོ་འཁོར་རྒྱུགས་སྤྲོད་འཁེལ་བས་དབྱངས་སྦྱོང་དེ་སྟོན་ཆོས་ཆེན་མོའི་ནང་ཚོགས་ཀྱི་ཡོད། དབྱངས་སྦྱོང་སྐབས་ཞོགས་པར་ནམ་རྒྱུན་གྲྭ་ཇའི་རྣམ་པའི་ཐོག་ནས་ཆོས་སྤྱོད་ཁག་གི་རྟ་ཆེན་དང་བར་རྟ་འཐེན་པ་དང་། ཞོགས་ཚོགས་གྲོལ་རྗེས་སྐད་བཟང་བ་དང་འདོན་བཟང་བ་འཛིན་གྲྭ་རྒན་གཞོན་བཞིན་བཞུགས་ཏེ་ཚོགས་ཐེངས་རྗེས་མ་རྣམས་སུ་འདོན་བཟང་སྐད་བཟང་གསར་པ་རྣམས་ཀྱིས་རྒན་པ་རྣམས་ཀྱི་དྲུང་དུ་འདོན་པ་འདོན་སྟངས་དང་དབྱངས་རྟ་འཐེན་ཚུལ་སྦྱོང་དགོས།