༄༅། །ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་བརྒྱ་དང་གཉིས་པ་ ༸ རི་རྫོང་སྲས་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞབས་རིམ་སྒྲུབ་གནང་བ།
ཕྱི་ལོ་ ༢༠༢༢ ཟླ་བ་༡༢ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་རི་རྫོང་སྲས་སྤྲུལ་མཆོག་གི་ཞབས་རིམ་བསྒྲུབས་གནང་ཡོད། དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་ལ་དྭགས་ནས་ཕྱིར་ཕེབས་གནང་སྟེ་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་དགོན་རི་རྫོང་བླ་བྲང་དུ་བཞུགས་གནང་ཡོད། རྒྱུན་དུ་སྙུང་གཞི་སོགས་ཆེར་མེད་ཀྱང་ཉིན་ཤས་རིང་ཞལ་ལག་བཞེས་མི་གནང་བ་དང་། གཟིམས་མི་ཁུག་པ་སོགས་ཀྱི་སྤྱོད་ཚུལ་བསྟན་པ་ལ་གྲྭ་ཚང་དང་ཞབས་འབྲེང་རྣམས་བློ་འཚབ་ངང་མཁས་མང་བློ་གསལ་གླིང་གྲྭ་ཚང་དང་། ཁྲི་ཟུར་བླ་བྲང་སོགས་ཀྱིས་སྐུ་ཚེ་ཞབས་པད་རིང་དུ་འཚོ་ཞིང་བཞུགས་པའི་སླད་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དབུ་བཞུགས་ཐོག་འདུས་མང་ཡོངས་ཀྱིས་གནས་བརྟན་ཕྱག་མཆོད་དང་ཞབས་བརྟན་གསོལ་འདེབས་གསོག་སྒྲུབ་གནང་བ་དང་། བློ་གླིང་གྲྭ་ཚང་དང་། ཁྲི་ཟུར་བླ་བྲང་། ཀླུ་འཁྱིལ་ཁམས་ཚན། དཔེ་ཐུབ་ཁམས་ཚན། རི་རྫོང་དགོན། བསམ་གཏན་གླིང་དགོན་སོགས་གཞིས་དགོན་ཁག་སོ་སོ་ནས་གསོལ་ཇ་དང་སྐུ་ཡོན་སོགས་ཀྱིས་བསྙེན་བཀུར་ཞུས།