དགེ་བསྐོས་དགེ་བཤེས་ངག་དབང་སངས་རྒྱས་མཆོག་གི་ལོ་རྒྱུས་མདོར་བསྡུས།
རྒྱས་པ་དགེ་བཤེས་ངག་དབང་སངས་རྒྱས་མཆོག་ནི་ཕ་ཀུན་དགའ་རིན་ཆེན་དང་། མ་བསམ་སྐྱིད་གཉིས་ཀྱི་བུར་ཕྱི་ལོ་ ༡༩༦༥ ལོར་སྐྱེས་ཤིང་། རང་ལོ་བཅུ་དགུ་བར་གྲོང་གསེབ་ཏུ་སྒོ་ཕྱུགས་འཚོ་བའི་ཞར་ལ་བོད་ཡིག་འབྲི་ཀློག་སྦྱངས། ཕྱི་ལོ་ ༡༩༨༤ ཟླ་ ༥ ཚེས་ ༡ ཉིན་ཡུལ་དབུས་ཀྱི་གདན་ས་འབྲས་སྤུངས་སུ་སྒྲིག་ཞུགས་ཀྱིས་ ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ལམ་རིམ་རིན་པོ་ཆེའི་སྐུ་མདུན་ནས་དགེ་བསྙེན་དང་། བར་མ་རབ་བྱུང་། དགེ་ཚུལ་བཅས་ཀྱི་བསླབ་པ་དཀྱུས་ཅིག་ཏུ་ཞུས། རྒན་ལམ་རིམ་རིན་པོ་ཆེ་དང། མཁན་རིན་པོ་ཆེ་རྒན་བློ་བཟང་དངོས་གྲུབ་ཟུང་གི་ཞལ་སྔ་ནས་བསྡུས་གྲྭ་དང་། བློ་རིག རྟགས་རིགས་སོགས་དཔེ་ཁྲིད་དང་། ཁྱད་པར་དུ་རྒན་ལམ་རིམ་རིན་པོ་ཆེའི་ཞལ་སྔ་ནས་ལམ་རིམ་གསུང་ཆོས་དང་། རྒན་བློ་བཟང་ཚེ་རིང་དྲུང་ནས་སྒོ་མང་ཆོས་སྤྱོད་ཕལ་ཆེར་བའི་ཟུར་ཁྲིད་དང་བློ་རྒྱུགས་ཕུལ།
ཕྱི་ལོ་ ༡༩༨༥ ལོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་མཁན་ཟུར་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་མཆོག་དང་། ཁྲི་ཟུར་རིན་པོ་ཆེ་བློ་བཟང་ཉི་མ། ཁྲི་རིན་པོ་ཆེ་བློ་བཟང་བསྟན་འཛིན། ཡོངས་ཀྱི་དགེ་བའི་བཤེས་གཉེན་རྒན་རྣམ་རྒྱལ་དབང་ཆེན་སོགས་བཤེས་གཉེན་བཅུ་ཕྲག་ལྷག་ཚུལ་བཞིན་བསྟེན་ཏེ། བསྡུས་གྲྭ་ནས་དབུ་འཛུགས་ཀྱིས་གཞུང་ཆེན་པོད་ལྔ་དང་ཐུན་མོང་རིག་གནས་བཅས་ལ་སློབ་གཉེར་གནང་ཞོར་དོན་གཉེར་ཅན་རྣམས་ལ་དཔེ་ཁྲིད་གནང་། ཕྱི་ལོ་ ༡༩༨༦ ལོར་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས་མཁན་པོ་མཛད་ཅིང་། དད་པའི་དགེ་འདུན་མཚན་ཉིད་ཚང་བའི་མདུན་བསྙེན་རྫོགས་ཀྱི་སྡོམ་པ་ཞུས།
ཕྱི་ལོ་ ༡༩༩༧ ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་ཁོངས་སུ་ཞུགས་ཏེ་མངོན་པའི་གཞུང་གཙོ་བོར་བྱས་ནས་གཞུང་པོད་ལྔ་དང་ཆོས་འབྱུང་རིག་གནས་སོགས་རྒྱུགས་སྤྲོད་ཀྱིས་ཕྱི་ལོ་ ༢༠༠༢ ལོར་དགེ་ལུགས་རྒྱུགས་སྤྲོད་ཡོངས་སུ་ཐོན། ཕྱི་ལོ་ ༢༠༠༣ ལོར་སྨོན་ལམ་ཆེན་མོར་གྲྭ་སྐོར་གནང་སྟེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་གཙོས་གསང་སྔགས་ལ་སློབ་གཉེར་ལོ་གཅིག་གནང་།
ཕྱི་ལོ་ ༢༠༠༤ ནས་ ༢༠༡༡ བར་སློབ་གཉེར་བ་རྣམས་ལ་གཞུང་ཆེན་པོད་ལྔ་དང་གསང་སྔགས་སློབ་ཁྲིད་དང་། ཕྱི་ལོ་ ༢༠༡༢ ནས་ ༢༠༢༠ ལོའི་བར་༸གོང་ས་མཆོག་གི་དགོངས་བཞེད་བཞིན་(ནང་པའི་གཞུང་ནས་བྱུང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་) ཞེས་བྱ་བའི་དེབ་ཕྲེང་གི་རྩོམ་སྒྲིག་གི་ལས་ཁུར་ཞུ་བའི་ཞར་ལ་རིགས་ལམ་སློབ་གཉེར་ཁང་དང་། རྣམ་རྒྱལ་གྲྭ་ཚང་གི་དོན་གཉེར་ཅན་ལ་སློབ་ཁྲིད་གནང་།
ཕྱི་ལོ་ ༢༠༢༣ ཟླ་ ༦ ནང་འདུས་མང་ཡོངས་ནས་དགེ་བསྐོས་འོས་མི་བདམས་བསྒྲུགས་ཀྱིས་འོས་གྲངས་རྩེ་གཏོགས་བྱུང་སྟེ་ད་ལྟར་གྲྭ་ཚང་རིན་པོ་ཆེའི་དགེ་བསྐོས་ཀྱི་མཛད་འགན་བཞེས་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།