༄༅། །དཔལ་ལྡན་འབྲས་སྤུངས་མཁས་མང་བློ་བསལ་གླིང་གྲྭ་ཚང་གི་མཁན་རབས་གྱ་གསུམ་པ་ལྷོ་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་ལྷུན་གྲུབ་མཆོག་མཁན་པོ་གསར་པའི་ཁྲི་སྟོན་མཛད་སྒོ་གནང་བ།
བོད་རྒྱལ་ལོ་ ༢༡༥༡ བོད་ཟླ་ ༦ བོད་ཚེས་ ༩ ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༡༣ རེས་གཟའ་མིག་དམར་ཉིན་ལྷོ་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་ལྷུན་འགྲུབ་མཆོག་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་ཐོག་གྱ་གསུམ་པར་ཁྲི་འདོན་མཛད་སྒོ་གནང་ཡོད།
དེ་ཡང་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་གི་མཁན་པོའི་ལས་ཡུན་་ལོ་དྲུག་འཁྱུར་ཏེ་མཁན་པོ་གསར་པ་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་སྐྱབས་རྗེ་མཁན་རབས་གྱ་གསུམ་པ་ལྷོ་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་ལྷུན་གྲུབ་མཆོག་མཁན་པོ་གསར་པའི་ཁྲི་སྟོན་མཛད་སྒོ་གནང་།
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༡༣ རེས་གཟའ་མིག་དམར་ཉིན་ལྷོ་པ་ཁམས་ཚན་གྱི་འདུ་ཁང་དུ་ཁམས་ཚན་ཉེར་ལྔའི་སྤྱི་རྒན་དང་ཁམས་རྒན་རྣམས་ཀྱིས་སྤོས་སྣེ་དང་བཅས་མཁན་རིན་པོ་ཆེ་གསར་པ་ལྷོ་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་ལྷུན་འགྲུབ་མཆོག་གདན་ཞུ་དང་བཅས་རྟེན་གསུམ་ཁག་ལ་མཇལ་དར་སྒྲོན་འབུལ་གནང་བ་དང་བཞུགས་ཁྲི་ལ་འཁོད་མཚམས་གྲྭ་ཚང་གི་དབུ་མཛད་མཆོག་གི་ཞལ་འདོན་སོགས་གྲུབ་པ་དང་།
སླར་ཡང་སྤྱི་རྒན་དང་ཁམས་རྒན་རྣམས་ཀྱིས་སྤོས་སྣེ་དང་བཅས་གྲྭ་ཚང་གི་གཙུག་ལག་ཁང་དུ་གདན་དྲངས་ཏེ་གདོང་གྲལ་དཀྱིལ་གྱི་མཐའ་ནས་སྐུ་ཕྱག་དང་བཅས་ཐོར་འབྲུ་མེ་ཏོག་བཅས་ཐོར་བ་སོགས་གནང་། གདོང་གྲལ་དཀྱིལ་ནས་གདན་ཞུ་དང་བཅས་ཡར་ཕེབས་ཏེ་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་རྟེན་གསུམ་མཇལ་དར་དང་རྟེན་གསུམ་རྣམས་ལ་སྙན་ཤལ་སོགས་ཀྱིས་མཆོད་སྤྲིན་བཏེགས། མཆོད་མེ་ཞལ་ཕྱེ་སོགས་གནང་སྟེ་བཞུགས་ཁྲིའི་སྟེང་དུ་འཁོད། དེ་ནས་དབུ་མཛད་གོ་བོ་དགེ་བཤེས་ཨ་དགའ་མཆོག་གིས་ཞལ་འདོན་དགའ་ལྡན་ལྷ་བརྒྱ་མ་དང་། ཤེར་སྙིང་། དཔལ་ལྡན་ཡོན་ཏན་མ། བཀྲ་ཤིས་སོགས་དབུ་སྐུལ་གནང་བ་དང་འབྲེལ་གསོལ་ཇ་དང་འབྲས་སིལ་འདེགས་པར་བྱས་ཏེ་ཞལ་འདོན་གྲུབ་མཚམས་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་ཏྲེ་ཧོར་དགེ་བཤེས་རྒྱ་མཚོ་དོན་འགྲུབ། དབུ་མཛད་གོ་བོ་དགེ་བཤེས་ཨ་དགའ་མཆོག། བླ་མ་གཞུང་ལེན་པ་རྩིས་ཐང་དགེ་བཤེས་བསྟན་འཛིན་དཔལ་མཆོག ། ཕྱག་མཛོད་ཁྲི་པ་དགེ་བཤེས་འཇམ་དབྱངས་དབང་ཕྱུག་མཆོག་དང་། ཁམས་ཚན་ཁག་གི་སྤྱི་རྒན་རྣམས་དང་། ཁམས་ཚན་ཉེར་ལྔའི་ཁམས་རྒན་རྣམས་ཀྱིས་མཁན་རིན་པོ་ཆེ་མཆོག་ལ་རིམ་གྱིས་བཀྲ་ཤིས་དར་དཀར་འབུལ་བ་སོགས་གནང་།
དེ་ནས་ཆུ་ཚོད་ ༥ ། ༣༠ ཐོག་གཙུག་ལག་ཁང་གི་ཐོག་ཁ་ནས་འཁར་བརྡུངས་ཏེ་ཚོགས་བརྡ་ཕུལ་བ་དང་གྲྭ་མང་རྣམས་ཚོགས་ཞུགས་གྲུབ་རྗེས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། སྐྱབས་རྗེ་མཁན་རིན་པོ་ཆེ་བཅས་བླ་མ་གཞུང་ལེན་པ་རྩིས་ཐང་དགེ་བཤེས་བསྟན་འཛིན་དཔལ་མཆོག་དང་། ཕྱག་མཛོད་ཁྲི་པ་དགེ་བཤེས་འཇམ་དབྱངས་དབང་ཕྱུག་མཆོག །ཁམས་ཚན་ཁག་གི་སྤྱི་རྒན་རྣམས་དང་། ཁམས་ཚན་ཉེར་ལྔའི་ཁམས་རྒན་རྣམས་ཀྱིས་སྤོས་སྣེ་དང་བཅས་གདོང་གྲལ་དཀྱིལ་ནས་གདན་ཞུ་དང་བཅས་མཁན་པོའི་ཁྲི་ལ་ཞབས་སོར་འཁོད། ཚོགས་དབུས་སུ་བསྔོ་བ་དང་བཀའ་སློབ་བཅས་གནང་། འདོན་ཚོགས་གྲོལ་རྗེས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ཆོས་རར་ཕེབས་ཏེ་ཆོས་ར་དཔེ་ཆ་བ་རྣམས་ལ་བརྩི་བཞག་གནང་།
ཆུ་ཚོད་༡༡ ཐོག་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་སླར་ཡང་བློ་གླིང་གཙུག་ལག་ཁང་གི་བཞུགས་ཁྲི་ལ་འཁོད་རྗེས་འབྲས་སྤུངས་ཚོགས་ཆེན་ཁྲི་པ་རིན་པོ་ཆེ་རྗེ་བཙུན་དཀོན་མཆོག་དཔག་བསམ་མཆོག་དང་། གྲྭ་ཚང་གི་སྐུ་ཚབ་བླ་མ་གཞུང་ལེན་པ་དགེ་བཤེས་བསྟན་འཛིན་དཔལ་མཆོག་དབུས་འབྲེལ་ཡོད་ཁག་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་། སྐུ་མགྲོན་གཙོ་བོ་ས་གནས་གཞིས་འགོ་མཆོག་དང་། འབྲས་སྤུངས་ཚོགས་ཆེན་གྱི་ཕྱག་མཛོད། གྲྭ་ཚང་སྒོ་བློ་གཉིས་ཀྱི་མཁན་ལས་ཟུར་དང་དགེ་བསྐོས་ཕྱག་མཛོད། དགའ་ལྡན་ཤར་བྱང་གི་མཁན་ལས་ཟུར་དང་དགེ་བསྐོས་ཕྱག་མཛོད། རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་གངས་དཀར་མཆོག་སྤྲུལ། རྒྱུད་སྨད་གྲྭ་ཚང་གི་བླ་མ་གཞུང་ལེན་པ་དཔེ་ཐུབ་དགེ་བཤེས་ཐུབ་བསྟན་རབ་རྒྱས། རྭ་སྟོད་མཁན་ཟུར་རིན་པོ་ཆེ་ཚེ་རིང་ཕུན་ཚོགས། རྭ་སྟོད་མཁན་རིན་པོ་ཆེ་དགེ་བཤེས་བསོད་ནམས་རྒྱལ་མཚན། སེ་ར་བླ་སྤྱི་དང་བྱེས་སྨད་གཉིས་ཀྱི་སྐུ་ཚབ། བཀྲས་ལྷུན་དང་རྒྱུད་གྲྭ་སྟོད་སྨད་ཀྱི་ཕྱག་མཛོད། མོན་གོ་ས་སྐྱ་དགོན་དང་རྙིང་དགོན། བཀའ་དགོན་སོགས་ཀྱི་སྐུ་ཚབ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གཞན་ཡང་སྐུ་མགྲོན་རྣམས་ཀྱིས་རྟེན་འབྲེལ་མཇལ་དར་འབུལ་བ་སོགས་བྱས་ཏེ་སྐུ་མགྲོན་རྣམས་ལ་གཙུག་ལག་ཁང་འོག་གི་གསོལ་ཚིགས་ཁང་དུ་བཞེས་ལག་དཀར་ཟས་གཟབ་རྒྱས་འབུལ་བར་སོགས་བྱས། ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་སློབ་མ་རྣམས་དང་འདུས་མང་གིས་རྟེན་འབྲེལ་མཇལ་དར་འབུལ་ལམ་ཞུས་གནང་སྟེ་མཛད་སྒོ་གྲོལ།