༈ འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པ་འབྲས་བློ་གླིང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་པ།
༈ འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པ་འབྲས་བློ་གླིང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགོངས་པ་གཞན་དུ་གཏད་པར་སྙིགས་མའི་དུས་འདིར་བོད་བརྒྱུད་ནང་བསྟན་སྤྱི་དང་སྒོས་སུ་རི་བོ་དགེ་ལྡན་པའི་བསྟན་པའི་ཉིན་བྱེད་དབང་པོ་ཞིག་མེད་པར་གྱུར་པས་འབྲས་བློ་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ལ་བཟོད་དཀའི་སྡུག་བསྔལ་བྱུང་ཞིང་།
སྐྱབས་རྗེ་བདེ་བར་གཤེགས་པ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པ་ཆོས་རྗེ་བློ་བཟང་བསྟན་འཛིན་ནི། རབ་བྱུང་བཅུ་དྲུག་པའི་མེ་གླང་(༡༩༣༧)ལོར་བོད་ཤར་ཕྱོགས་མདོ་སྟོད་(དེང་སང་ཡུ་ནན་ཞིང་ཆེན་གྱི་མངའ་ཁོངས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁམས་ཡ་ར་) གཡག་རྭ་མཚམས་དགོན་པའི་ཤར་ལྷུ་རི་སྟོད་སད་ཅེས་པའི་ཞིང་པ་འབྲིང་པོ་ཞིག་གི་ཁྱིམ་དུ། ཡབ་རྟ་ཚོགས་དང་། ཡུམ་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་དཔལྡན་མཚམས་དགོན་པའི་ཆོགས་སྒོར་ཞུགས། དགེ་དཀོན་མཆོག་ཚུལ་ཁྲིམས་བཤེས་གཉེན་དུ་བསྟེན་ནས་བླ་མ་མཆོད་པ་དང་། ཀུན་རིག གྲྭ་ཚང་གི་འདོན་ཆོས་ཡོངས་རྫོགས་བློ་འཛིན་གྱིས་ཚོགས་དབུས་སུ་རྒྱུགས་ཕུལ་གནང་ཞིང་གྲྭ་ཚང་ནས་བྱ་དགའ་དང་གཟེངས་བསྟོད་རྒྱ་ཆེར་ཐོབ། གཡག་རྭ་ཁང་གསར་རིན་པོ་ཆེའི་ཞལ་སྔ་ནས་དབང་ལུང་མང་དུ་གསན། ཕྱི་ལོ་༡༩༥༣དགུང་ལོ་བཅུ་བདུན་ཐོག་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཕེབས། ཕ་ཡུལ་ནས་ཐོན་ཁར་དགེ་རྒན་ཕ་མ་སོགས་ཀྱིས་བསླབ་བྱ་མང་དུ་གནང་བའི་ནང་ནས་ཨ་མ་ལགས་ནས་བུ་ཁྱོད་གྲྭ་སར་སོང་ནས་དཔེ་ཆར་ཡག་པོ་བལྟ་དགོས། ང་ཚོའི་མི་ཐོག་ལ་དགའ་ལྡན་ཤར་རྩེའི་མཁན་པོ་བྱུང་ཡོད། ཁྱོད་ངའི་ཁོག་པར་ཡོད་དུས་ང་ལ་རྨི་ལམ་བཟང་པོ་བཏང་ཡོད། ངས་སྨོན་ལམ་རྒྱག་བཞིན་ཡོད་གསུངས་པ་ད་ལྟ་ཡང་དྲན་གྱིན་འདུག་ཅེས་རྗེ་འདིའི་ཞལ་ལས་ཐོས། ལྷ་ལྡན་དུ་ཕེབས་རྗེས་མཁས་མང་བློ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་གནང་། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་མཆོག་དང་། སྐབས་དེའི་གྲྭ་ཚང་མཁན་པོ་དགེ་པདྨ་རྒྱལ་མཚན། ཤག་སྐོར་མཁན་པོ་དགེ་ཉི་མ་རྒྱལ་མཚན། ཏྲེ་ཧོར་དགེ་བློ་བཟང་དོན་འགྲུབ་སོགས་གཙུག་གི་རྒྱན་དུ་བསྟེན་ནས། རིགས་ལམ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་སྐབས་བཞི་པའི་བར་འཕགས་བོད་ཀྱི་གཞུང་ལུགས་དུ་མར་གསན་བསམ་རྒྱ་ཆེར་གནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སོགས་ཀྱི་ཞལ་སྔ་ནས་དུས་དབང་དང་ལམ་རིམ་སོགས་དབང་ལུང་དུ་མ་མནོས། ཕྱི་ལོ་༡༩༥༩)ལོར་རྒྱ་ནག་དྲག་པོའི་སྲིད་གཞུང་གིས་བོད་ས་བཙན་བཟུང་བྱེད་སྐབས་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་ཕེབས། བྱེས་ཀྱི་ཆོས་སྡེ་དང་པོ་སྦག་ས་ཆོས་སྒར་ནས་སྔར་གྱི་གསན་བསམ་འཕྲོ་མཐུད་གནང་། ཕྱི་ལོ་༡༩༦༤)ལོར་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་མནོས། ཕྱི་ལོ་༡༩༦༩)ལོར་༧གོང་ས་མཆོག་གི་བཀའ་དགོངས་ལྟར་སྦག་ས་ཆོས་སྒར་ལྷོ་ཕྱོགས་སུ་གཞིས་སྤོ་བྱེད་སྐབས་གྲྭ་མང་སྤྱི་མཚུངས་ལྟར་དེར་ཕེབས་ནས། འབྲོག་ལས་དང་ཕྱག་མཛོད་སོགས་བླ་སྤྱི་དང་གྲྭ་ཚང་ལ་སྨན་པའི་ངལ་དུབ་ཆེ་བའི་ཕྱག་ལས་རྒྱ་ཆེར་གནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ནས་དུས་དབང་དང་། ལམ་རིམ་གྱི་གསུང་ཆོས་སོགས་དབང་ལུང་མན་ངག་རྒྱ་ཆེར་མནོས་པའི་སྐལ་བཟང་སླར་ཡང་ཐོབ། འབྲས་སྤུངས་ཚོགས་ཆེན་དང་། སེར་བྱེས་གྲྭ་ཚང་སོགས་སུ་༧གོང་ས་མཆོག་གི་སྐུ་མདུན་དུ་དམ་འཇོག་དང་། རྟགས་བསལ་གཏོང་བ་སོགས་ཐེངས་འགར་གནང་། གྲྭ་ཚང་དུ་གཞུང་ཆེན་ལྔ་ལ་དགེ་བཤེས་བཀའ་རྒྱུགས་ཀྱི་དམ་འཇོག་སྐབས་གྲྭ་ཚང་མཁན་རིན་པོ་ཆེ་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་གནང་།ཕྱི་ལོ་༡༩༧༧)ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་ཁུངས་སུ་ཞུགས་ནས་བཀའ་རམས་དང་། སློབ་དཔོན། ལྷ་རམས་བཅས་ལ་རྒྱུགས་སྤྲོད་ལོ་བདུན་རིང་ཨང་དང་པོའི་རྩེ་ཕུད་ཤ་སྟག་བླངས་གནང་ཡོད། ཕྱི་ལོ་༡༩༨༢)ལོར་གདན་གསུམ་སྨོན་ལམ་ཆེན་པོའི་སྐབས་མཁས་དབང་བརྒྱ་ཕྲག་དང་། དགེ་འདུན་སྟོང་ཚོ་འདུས་པའི་དབུས་སུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཕུལ། ༡༩༨༣)ལོར་དཔལྡན་སྟོད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་སྐྱོར་སྦྱངས་སོགས་ལེགས་པར་གནང་། རྒྱུད་ཀྱི་ཆོས་ཐོག་འཁོར་རྗེས་སླར་ཡང་བློ་གླིང་གྲྭ་ཚང་དུ་ཕེབས་ནས་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་ནས་བཞུགས། ཕྱི་ལོ་(༡༩༨༧)ལོ་ནས་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་དང་གྲྭ་ཚང་གི་དགེ་བསྐོས་གཅིག་ལྕོགས་ལོ་གཉིས་གནང་། རྡ་སར་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དྲུང་དུ་གཞུང་ཆེན་གྱི་དམ་བཅའ་ལན་གཉིས་བཞག་སྟེ་སྒྲུབ་པའི་མཆོད་པ་བླ་མེད་དུ་ཕུལ། ཕྱི་ལོ(༡༩༩༠)ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལྡན་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་གནང་བ་ལྟར་རྡ་སར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཏེ་བཀའ་སློབ་ལམ་སྟོན་རྣམས་ཐུགས་ཀྱི་དཀྱིལ་དུ་བཅངས། བླ་མ་དབུ་མཛད་ལོ་གསུམ་རིང་རྒྱུད་སྟོད་གྲྭ་ཚང་གི་བྱ་བ་ལས་ཀྱི་འཁོར་ལོ་རྣམས་གང་ལེགས་གནང་ཞིང་། ཕྱི་ལོ་(༡༩༩༣)ལོ་ནས་དཔལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས་དགོས་པའི་བཀའ་རྒྱ་གནང་བ་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་དང་། བོད་ཀྱི་ཕྱི་ནང་གསང་གསུམ་ལ་ཕན་པའི་བཀའ་སློབ་ལམ་སྟོན་ཟབ་མོ་རྣམས་ཐུགས་ཀྱི་རྒྱན་དུ་བླངས། མཁན་པོའི་ཐུགས་ཁུར་བཞེས་ནས་བསྟན་འགྲོ་ལ་སྨན་པའི་མཛད་བཟང་རྒྱ་ཆེར་བསྐྱངས། ཕྱི་ལོ་(༢༠༠༣)ལོ་ཟླ་༡པོའི་ཚེས༡༨ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཤར་པ་ཆོས་རྗེར་ཕེབས་དགོས་པའི་ཕྱག་བྲིས་གནང་དོན་བཞིན་ཕྱི་ཚེས་༢༠ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་སྐབས་ཐུགས་དགྱེས་ཚོར་ཆེན་པོས་རྗེས་སུ་བཟུང་བར་མཛད། དཔལྡན་སྟོད་རྒྱུད་གྲྭ་ཚང་དུ་གདན་ས་ཆེན་པོ་གསུམ་དང་། བཀྲིས་ལྷུན་པོ་དང་། རྭ་སྟོད། རྒྱུད་སྟོད་སྨད་གཉིས་ཀྱི་མཁན་ལས་ཟུར་དང་དབུ་བླ་རྣམས་གཙོས་པའི་གྲྭ་མང་དང་།ཆོས་དོན་ལྷན་ཁང་གི་སྐུ་ཚབ་བཅས་ལྷན་འཛོམས་ཀྱིས་ཤར་པ་ཆོས་རྗེ་ཁྲི་འདོན་མཛད་སྒོ་གཟབ་རྒྱས་གནང་།ཕྱི་ལོ་༢༠༠༣ཕྱི་ཟླ་༢པའི་ཚེས་༡༡ཉིན་རང་གཞུང་གི་སྐུ་ཚབ་དང་། གདན་ས་ཆེན་པོ་དགའ་འབྲས་གཉིས་ཀྱི་གྲྭ་ཚང་བཞི་དང་། རྭ་སྟོད་གྲྭ་ཚང་བཅས་ཀྱི་མཁན་ལས་ཟུར་དང་འདུས་མང་གང་མང་གིས་ཕེབས་བསུ་གཟབ་རྒྱས་ངང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཞབས་ཟུང་མངོན་པར་བསྒྱུར། ཚེས་༡༢ཉིན་འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་ཆེན་མོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དུ་མང་ཇ་དང་འབྲེལ་ཤར་པ་ཆོས་རྗེའི་ཁྲི་འདོན་མཛད་སྒོ་དངོས་གཞི་གཟབ་རྒྱས་ཚུགས་ཏེ་ཤར་པ་ཆོས་རྗེའི་ཐུགས་འགན་བཞེས། རྗེ་འདིས་ཤར་པ་ཆོས་རྗེའི་བྱེད་སྒོ་འཐུས་ཚང་གནང་བའི་ཞོར་ལ། རྒྱུན་དུ་གདན་ས་ཆེན་པོ་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་བཞུགས་ནས་གདུལ་བྱ་བརྒྱ་ཕྲག་མང་པོར་གཞུང་ཆེན་གྱི་འཆད་ཁྲིད་གནང་། དེ་བཞིན་རྒྱ་བོད་འབྲུག་གང་སར་མཛད་འཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པའི་མུར། ཨ་རི་དང་། ཨོ་སི་ཊོ་ལི་ཡ་དང་། ཧྥ་རན་སི། སུད་སི་སོགས་ནུབ་ཕྱོགས་ཁུལ་དང་། ཐེ་ཝན་དང་། སིང་གྷ་པིར། མ་ལ་ཤི་ཡ་སོགས་ཤར་གླིང་ཁུལ་གྱི་ཕྱིའི་ཡུལ་གྲུ་མང་པོ་ལ་གདན་ཞུ་ཕུལ་བ་བཞིན་ཕེབས་ནས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། དགུང་ལོ་བརྒྱད་ཅུ་པ་རབ་བྱུང་བཅུ་བདུན་པའི་ སྤྱི་ལོ་ (༢༠༡༦)ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་ཕེབས་དོན་ལྟར། སྤྱི་ཟླ་ ༡༡ ཚེས་ ༥ ཉིན་ དགའ་ལྡན་ཚོགས་ཆེན་དང་དགའ་ལྡན་ཁྲི་ཐོག་ཁང་གཉིས་ཀྱི་ནང་དུ་དངོས་སུ་དགའ་ལྡན་ཁྲི་པའི་ཁྲི་ལ་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་ཚོགས་ཏེ། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་འབྲས་སྤུངས་ཕུ་ཁང་ཁམས་ཚན་ནས་སྤྱན་འདྲེན་གྱིས། སྤོས་སྣེ་དང་། གདུགས། རྒྱལ་མཚན་སོགས་མཆོད་རྫས་སྣ་ཚོགས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་བཅས་ཏེ་དགའ་ལྡན་ཚོགས་ཆེན་འདུ་ཁང་དུ་ཕེབས་བསུ་ལེགས་གྲུབ་རྗེས། གནས་གཟིགས་དང་ཐུགས་སྨོན། རྟེན་གཙོ་ཁག་ལ་སྙན་ཤལ་ཕུལ་བ་དང་མཆོད་མེ་ཞལ་ཕྱེ་སོགས་གནང་གྲུབ་བསྟུན། བཞུགས་ཁྲིར་༸ཞབས་སོར་འཁོད་པར་དགའ་ལྡན་ཚོགས་ཆེན་གྱི་ལས་སྣེ་ཚོས་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྐུ་མགྲོན་རྣམས་ལ་མཇལ་ཁ་གནང་། སྐབས་དེར་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྐུ་ཚབ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག གདན་ས་ཆེན་པོ་གསུམ་གྱིས་གཙོས་པའི་དགོན་སྡེ་ཁག་གི་མཁན་པོ། གཞན་ཡང་ལྷོ་སྤྱི་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ་བཅས་སེར་སྐྱ་མི་དམངས་ཁྲི་ཕྲག་མ་ཟིན་ཙམ་འདུས་པའི་དབུས་སུ། རྗེ་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ། མི་འཇིགས་སེངྒེའི་ཁྲི་ལ་ཞབས་སེན་འཁོར་ལོའི་རེ་ཁ་མངོན་པར་འཁོད། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་བཀའ་དགོངས་ཚུལ་བཞིན་ལག་བསྟར་གནང་སྟེ་༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་ཐབས་གནང་དགོས་གལ་སོགས་བཀའ་སློབ་གནང་། དགའ་ལྡན་བླ་སྤྱིར་ཁྲི་འདོན་མཛད་སྒོ་གྲུབ་པ་དང་། དགའ་ལྡན་བླ་སྤྱི་ནས་དགའ་ལྡན་ཁྲི་ཐོག་ཁང་དུ་རྟེན་འབྲེལ་མཛད་སྒོ་ཚོགས་གནང་། དེ་མཚུངས་དགའ་ལྡན་ཕུ་ཁང་ཁམས་ཚན་དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་བཅས་ལ་སྔོན་འགྲོའི་མཛད་སྒོ་གནང་མ་ཟད། ཚེས་ ༦ ཉིན་དགའ་ལྡན་ཁྲི་ཐོག་ཁང་དུ་དགའ་ལྡན་ཁྲི་པ་གསར་རྙིང་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུས། གདན་སའི་སློབ་གཉེར་བ་ཚོར་གཞུང་ཆེན་དཔེ་འཁྲིད་རྒྱུན་གཏན་ཐོག །སྐད་དང་ཤ་མདོག་མི་གཅིག་པའི་འཛམ་གླིང་ཤར་ནུབ་ཀྱི་སློབ་མ་སྟོང་ཚོ་མང་པོར་འདོད་ཆོས་སྣ་ཚོགས་གནང་མུས་སུ། གདུལ་བྱའི་བསོད་ནམས་ཀྱིས་མ་འདངས་པར་ཡུན་རིང་བསྙུང་གཞི་ལྕི་བཞེས་ཀྱིས་ཞབས་རིམ་དང་སྨན་བཅོས་སོགས་ཇི་ལྟར་བྱས་རུང་མ་ཕན་པར། དགུང་ལོ་གྱ་གཅིག་པ་རབ་བྱུང་བཅུ་བདུན་པའི་མེ་བྱ་ཧོར་ཟླ་༢ ཚེས་༢༥ (2017–4—21)མཚན་མོ་ཆུ་ཚོད་11 དང་སྐར་མ་45 ཐོག་ལྡི་ལིའི་སྨན་ཁང་མཱསི་རུ་དགོངས་པ་ཞི་བར་གཤེགས། སྐྱབས་རྗེ་བདེ་བར་ གཤེགས་པ་གང་གི་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་སླར་ཡང་བསྟན་འགྲོའི་མགོན་དུ་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མྱུར་དུ་བྱོན་པའི་སྨོན་འདུན་ཤུགས་དྲག་བཅས།