རྒྱུགས་སྤྲོད་ཀྱི་རིམ་པ་དང་རྣམ་གྲངས་ཨང་ཐོབ། རྒྱུགས་ཁོངས་སུ་ཞུགས་ཕྱོགས། རྒྱུགས་ཁོངས་སུ་ཞུགས་ཆོག་པའི་འོས་ཆོས། རྒྱུགས་འཕྲོད་པའི་མཚམས། རྒྱུགས་འབྲས་ཀྱི་གནས་རིམ། རྩོད་རྒྱུགས་སྤྲོད་ལེན་གྱི་ཚུལ། སྐྱོར་རྒྱུགས་སྤྲོད་ལེན་གྱི་ཚུལ་བཅས་སོ།།
རྒྱུགས་སྤྲོད་ཀྱི་རིམ་པ། རྟགས་རིགས་དང་། ཕར་ཕྱིན། དབུ་མ། འདུལ་བ། མཛོད་བཅས་གཞུང་ཚན་མི་འདྲ་བ་ཁག་ལྔའི་ཐོག་ནས་གནང་དགོས་ཤིང་རྟགས་རིགས་འཛིན་གྲྭའི་རྒྱུགས་སྤྲོད་དུས་ཡུན་ལོ་གཅིག ཕར་ཕྱིན་ལོ་བདུན། དབུ་མ་ལོ་གསུམ། འདུལ་བ་ལོ་གསུམ། མཛོད་ལོ་གཉིས་བཅས་ཡིན།
༢༽ རྒྱུགས་སྤྲོད་ཀྱི་རྣམ་གྲངས་དང་ཨང་ཐོབ།
རྟགས་རིགས་འཛིན་གྲྭའི་ལོ་གཅིག་གི་རྒྱུགས་སྤྲོད་སྐབས། རྩོད་རྒྱུགས་སྐྱོར་རྒྱུགས་ལ་༧༥ བྲིས་རྒྱུགས་ལ་༥༠ ཡིན། ཕར་ཕྱིན་འཛིན་རིམ་ཁག་གི་ལོ་བདུན་གྱི་རྒྱུགས་སྤྲོད་རིང་། རྩོད་རྒྱུགས་ཨང་ཐོབ་ ༡༥༠ དང་། སྐྱོར་རྒྱུགས་ཨང་ཐོབ་༡༠༠ ཀ་སྡེའི་སློབ་ཚན་གྱི་བྲིས་རྒྱུགས་ལ་ ༥༠ ཁ་སྡེའི་སློབ་ཚན་བྲིས་རྒྱུགས་ལ་ ༥༠ བཅས་ཡིན། དབུ་མ་འཛིན་རིམ་ཁག་གི་ལོ་གསུམ་གྱི་རྒྱུགས་སྤྲོད་དང་་། འདུལ་བ་འཛིན་རིམ་གྱི་ལོ་གསུམ་མཛོད་འཛིན་གྲྭའི་ལོ་གཉིས་ཀྱི་རྒྱུགས་སྤྲོད་སྐབས་ཁ་སྡེའི་སློབ་ཚན་བྲིས་རྒྱུ། ། མེད་པ་མ་གཏོགས་རྩོད་སྐྱོར་བྲིས་གསུམ་གྱི་ཨང་ཐོབ་ཕར་ཕྱིན་དང་མཚུངས་པ་ཡིན།
༣༽ རྒྱུགས་ཁོངས་སུ་ཞུགས་ཕྱོགས།
རྟགས་རིགས་འཛིན་གྲྭ་ནས་འདུལ་བ་འཛིན་རིམ་གསུམ་པའི་བར་གྱི་འཛིན་གྲྭ་ཅི་རིགས་ཤིག་ཏུ་གཏོགས་པའི་གྲྭ་ཚང་གི་སློབ་གཉེར་བ་སུ་ཡིན་རུང་ལས་བྱེད་དུ་འཛུལ་ན་མ་གཏོགས་རྒྱུགས་སྤྲོད་དུ་ངེས་པར་ཞུགས་དགོས། ལོ་གཅིག་ནང་འཛིན་རིམ་གཉིས་རེར་ལོ་འཁོར་རྒྱུགས་སྤྲོད་གཏོང་འཕེར་ངེས་ཅན་གྱི་བླ་སྤྲུལ་ཁག་ལ་ཡོངས་འཛིན་དང་མཁན་པོས་ཞིབ་གཟིགས་ཀྱིས་བཀའ་འཁྲོལ་གནང་ཆོག་པ་ལས་གཞན་གྲྭ་བ་དཀྱུས་མ་ཚོས་ལོ་རེར་འཛིན་རིམ་གཅིག་གི་ལོ་འཁོར་རྒྱུགས་སྤྲོད་མ་གཏོག་གཏོང་མི་ཆོག གཞན་ཡང་སློབ་གཉེར་བའི་ཁྲོད་ནད་མནར་གྱིས་ནད་དགོངས་ཚད་ལྡན་ཡོད་རིགས་དང་རྩ་བའི་འཛིན་གྲྭའི་ལོ་འཁོར་རྒྱུགས་སྤྲོད་མ་འཕྲོད་པ། འགྲིག་རྟགས་མ་ལོན་པ་སོགས་ཀྱིས་རྗེས་ལོར་གཉིས་རྒྱུགས་འབུལ་ཐུབ་ཚེ་རྩ་བའི་འཛིན་གྲྭའི་མིང་མཚམས་སུ་འཕོ་འཐུས། སློབ་གཉེར་གྱི་སྡེ་ཁག་གཞན་ནས་ཐོན་པའི་སློབ་གཉེར་བ་གྲྭ་ཚང་དུ་འཛུལ་སྐབས་མཁན་རིན་པོ་ཆེས་ངོས་ལེན་གནང་ཚེ་དམིགས་བསལ་གྱིས་གཞུང་གསར་འཛིན་གྲྭར་འཕར་ཆོག་པ་བཅས་ཡིན།
༤༽ རྒྱུགས་ཁོངས་སུ་ཞུགས་ཆོག་པའི་འོས་ཆོས།
གྲྭ་ཚང་སྒྲིག་ཁོངས་ཀྱི་སློབ་གཉེར་བ་ཡིན་པ་དང་། ལོ་གཅིག་གི་ཆོས་གྲྭའི་ཚོགས་ཐེངས་རྩ་འབོར་གྱི་བརྒྱ་ཆ་བདུན་ཅུ་དོན་ལྔ་ལས་མ་ཉུང་བ་ཆོས་འགྲིམས་བྱས་ཡོད་པ། རྒྱུགས་ལོ་དེའི་སློབ་ཚན་ཡོངས་རྫོགས་དགེ་རྒན་གྱི་མདུན་ནས་དཔེ་ཁྲིད་བྱས་ཟིན་པ། འཛིན་གྲྭ་གཅིག་ཏུ་ལོ་གསུམ་རིང་རྒྱུགས་མ་འཕྲོད་པ་མ་ཡིན་པ། ཐོག་མར་རྟགས་རིགས་འཛིན་གྲྭའི་རྒྱུགས་ཁོངས་སུ་ཞུགས་པ་ལ་མཁན་པོས་རྩོད་རྒྱུགས་བཞེས་ཏེ རྒྱུགས་ཁོངས་སུ་ཞུགས་འོས་བཀའ་འཁྲོལ་ཐོབ་པ་ཞིག་དགོས་པ་བཅས་ཡིན།
༥༽ རྒྱུགས་འཕྲོད་པའི་མཚམས།
ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་འཕྲོད་པ་ལ་རྩོད་སྐྱོར་བྲིས་གསུམ་གྱི་ཨང་ཐོབ་བརྒྱ་ཆ་སོ་གསུམ་ཡན་ལོན་པ་ཞིག་ངེས་པར་དགོས། གལ་ཏེ་རྩོད་སྐྱོར་བྲིས་གསུམ་གྱི་རྒྱུགས་སྤྲོད་གང་རུང་གཅིག་ནང་གོང་གསལ་བརྒྱ་ཆ་མ་ལོན་ན་ཡང་སྤྱི་བསྡོམས་བརྒྱ་ཆ་ལྔ་བཅུ་ཡན་ལོན་པ་ཞིག་བྱུང་ཚེ་བརྒྱ་ཆ་མ་ལོན་པའི་རྒྱུགས་སྤྲོད་དེར་རྒྱུགས་སྤྲོད་གྲུབ་འབྲས་ཐོནཉིན་ནས་བརྩིས་པའི་ཉིན་སུམ་ཅུའི་ནང་ཚུད་བསྐྱར་རྒྱུགས་ཐེངས་གཅིག་གཏང་ཆོག
༦༽ རྒྱུགས་འབྲས་ཀྱི་གནས་རིམ།
རྒྱུགས་སྤྲོད་གྲུབ་འབྲས་ཀྱི་ཨང་ཐོབ་ཁྱོན་བསྡོམས་བརྒྱ་ཆ་དྲུག་ཅུ་རེ་དྲུག་ལོན་པ་ལ་གནས་རིམ་དང་པོ། བརྒྱ་ཆ་བཞི་བཅུ་ཞེ་བརྒྱད་ནས་རེ་ལྔའི་བར་གནས་རིམ་གཉིས་པ། བརྒྱ་ཆ་སོ་ལྔ་ནས་ཞེ་བདུན་བར་གནས་རིམ་གསུམ་པར་ཚད་འཛིན་གཏན་འབེབས་བྱེད།
༧༽ རྩོད་རྒྱུགས་སྤྲོད་ལེན་གྱི་ཚུལ།
རྟགས་རིགས་འཛིན་གྲྭ་མ་གཏོགས་བསམ་གཟུགས་མན་ཆད་ཀྱིས་རྩོད་རྒྱུགས་སྐབས་སློབ་གཉེར་བ་རེས་རང་མོས་ཐོག་སྐར་མ་བཅོ་ལྔར་རྟགས་བསལ་དང་། ལན་འདེབས་སྐར་མ་བཅོ་ལྔ་རེར་གནང་བར་རྒྱུགས་ཞིབ་པས་རྩ་འབོར་བརྒྱ་ཆའི་ཕྱེད་ཀྱི་ཨང་ཐོབ་ནས་བརྒྱ་ཆ་སྤྲད་རྗེས་སུ་རྩོད་རྒྱུགས་ཨང་ཐོབ་ནང་བསྡོམས་ཏེ་འགོད་དགོས། རྟགས་རིགས་འཛིན་གྲྭའི་རྟགས་བསལ་དང་ལན་འདེབས་ཀྱི་རྩོད་རྒྱུགས་དུས་ཡུན་སྐར་མ་བཅུ་རེ་ཡིན། སྐབས་བཞི་པའི་འཛིན་གྲྭ་ཡན་དུ་གདམ་ཀར་ཡོད་པའི་རྟགས་བསལ་གསུམ་ནས་གཅིག་འཐེན་ཏེ་རྟགས་བསལ་རྩོད་རྒྱུགས་དུས་ཡུན་སྐར་མ་བཅོ་ལྔའི་རིང་ཡིན།
༨༽ སྐྱོར་རྒྱུགས་སྤྲོད་ལེན་གྱི་ཚུལ།
སྐྱོར་རྒྱུགས་བཞེས་སྟངས་ནི། ལོ་སྔོན་མར་སྐྱོར་རྒྱུགས་དུ་ཕུལ་གྱི་ཤོག་གྲངས་མ་ནོར་བར་སྐྱོར་རྒྱུགས་གསར་པ་སྤྲོད་སྐབས་ཡང་བསྐྱར་རྒྱུགས་བཞེས་གནང་དགོས། དེ་ཡང་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གིས་བསྐོ་འཛུགས་བྱས་པའི་མི་གཉིས་ཀྱིས་མཁན་པོ་དང་བླ་མ་གཞུང་ལེན་པ། དགེ་བསྐོས་དབུ་མཛད་བཅས་གྱི་གཟིགས་གདོང་དུ་བླང་རྒྱུ། སོ་སོའི་སློབ་ཚན་དུ་མ་ཚུད་པའི་འབྲེལ་ཡོད་གཞུང་ཚན་ཆེན་མོའི་སྐྱོར་རྒྱུགས་འཕར་མ་འབུལ་རིགས་ལ་དམིགས་བསལ་གཟེངས་བསྟོད་བྱ་དགའ་བསྩལ་རྒྱུ་བཅས་ཡིན།
༩༽ བྲིས་རྒྱུགས་སྤྲོད་ལེན་གྱི་ཚུལ།
རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གིས་གསང་བ་དམ་པོའི་སྒོ་ནས་དྲི་ཤོག་བཟོ་མཁན་དང་། ལན་ཤོག་རྒྱུགས་ཞིབ་གནང་མཁན་ཕྱི་ནང་གང་རུང་ནས་བསྐོ་བཞག་བྱ་དགོས། ལན་དེབ་རྒྱུགས་ཞིབ་སྐབས་བྲིས་རྒྱུགས་འབུལ་མཁན་དོ་བདག་སོ་སོའི་གྲལ་རིམ་ཨང་གྲངས་འཁོད་པའི་ཟུར་འཛར་ཤོག་ལྟེ་བཅད་གཏུབས་ཚབ་ལ་ལན་དེབ་རྒྱབ་ཏུ་གསང་བའི་ཨང་གྲངས་བཀོད་དེ་རྒྱུགས་ཞིབ་པ་སོ་སོར་གནང་དགོས་པ་བཅས་ཡིན། ༡༠༽ འཛིན་གྲྭ་སོ་སོའི་རྩོད་གཞུང་ནས་ངག་རྒྱུགས་སྤྲོད་དགོས་པའི་སློབ་ཚན།
རྟགས་རིགས་འཛིན་གྲྭའི་རྩོད་གཞུང་སློབ་ཚན་ནི། མི་ཉག་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱིས་མཛད་པའི་རྟགས་རིགས། ཕར་ཕྱིན་འཛིན་གྲྭ་བདུན་གྱི་རྩོད་གཞུང་སློབ་ཚན་ནི། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲེན་མེ་ཡིན། གཞུང་གསར་སྐབས་འགྲེལ་པ་དོན་གསལ་དབུ་ནས་ཤོག་གྲངས་དྲུག་དང་། དྲང་ངེས་སྐབས་ལེགས་བཤད་སྙིང་པོ་དབུ་ནས་ཤོགས་གྲངས་ལྔ། སེམས་བསྐྱེད་སྐབས་རྒྱལ་སྲས་ཞེ་བརྒྱད་དབུ་ནས་ཤོག་གྲགས་བཞི་བཅས་རིམ་པ་བཞིན་འཛིན་གྲྭ་དེ་དང་དེའི་ཁ་སྐོང་སློབ་ཚན་ཡིན། དབུ་མ་སེམས་བསྐྱེད་དང་། བདེན་གཉིས། བདག་འགོག་བཅས་ཀྱི་རྩོད་གཞུང་ནི། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དབུ་མའི་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ་ཡིན། དབུ་མ་བདེན་གཉིས་སྐབས་རྩ་ཤེའི་རབ་བྱེད་དང་པོ་གཉིས་དང་། དབུ་མ་བདག་འགོག་སྐབས་རྩ་ཤེའི་རབ་བྱེད་གསུམ་པ་ནས་ཉི་ཤུ་ཡན་རིམ་བཞིན་འཛིན་གྲྭ་དེ་གཉིས་ཀྱི་ཁ་སྐོང་སློབ་ཚན་ཡིན། འདུལ་བ་འཛིན་རིམ་བཞིའི་རྩོད་གཞུང་སློབ་ཚན་ནི། དགེ་བཤེས་བློ་བཟང་ཚེ་རིང་གིས་མཛད་པའི་དམ་པའི་ཆོས་འདུལ་བ་རྒྱ་མཚོའི་སྙིང་པོ་བསྡུས་པ་ཐར་འདོད་ཡིད་ཀྱི་མུན་སེལ་ཞེས་བྱ་བ་ཡིན། འདུལ་བ་ལོ་རིམ་མཐའ་མ་གཉིས་ཀྱི་ཁ་སྐོང་སློབ་ཚན་དུ་འདུལ་བ་མདོ་རྩ་བ་ཤོག་ལྟེ་བཞི་ནས་ལྔའི་བར་ཡོད། མཛོད་འཛིན་གྲྭའི་རྩོད་གཞུང་སློབ་ཚན་ནི། མཛོད་ལོ་རིམ་དང་པོའི་སྐབས་མཛོད་རྩ་གནས་བཞི་པ་ཡན་ཆད་དང་། མཛོད་ཤེས་བྱ་རབ་གསལ་གནས་དང་པོའི་ཤོག་ལྷེ་གསུམ་ཁ་སྐོང་སློབ་ཚན་ཡིན། མཛོད་ལོ་རིམ་གཉིས་པའི་སྐབས་མཛོད་རྩ་གནས་ལྔ་པ་མན་ཆད་དང་། མཛོད་གནས་ལྔ་པ་མན་གྱི་ཤེས་བྱ་རབ་གསལ་ཤོག་གྲངས་དྲུག་ཁ་སྐོང་ཡིན་པ་བཅས་སོ། །
༡༡༽ ཀ་སྡེའི་སློབ་མཚན་གྱི་བྲིས་རྒྱུགས་ཨང་ཐོབ་གཏན་འབེབས།
གཞུང་གསར་ཀ་སྡེའི་བྲིས་རྒྱུགས་རྩ་བའི་ཨང་ལྔ་བཅུ་ལས། སྤྱི་མཐའ་གཉིས་ལ་ཨང་སུམ་ཅུ་དང་གསེར་ཕྲེང་ལ་ཨང་ཉི་ཤུ་ཡོད། དྲང་ངེས་འཛིན་གྲྭའི་ཀ་སྡེའི་བྲིས་རྒྱུགས་རྩ་བའི་ཨང་ལྔ་བཅུ་ལས། སྤྱི་མཐའ་གཉིས་ལ་སུམ་ཅུ་དང་ལེགས་བཤད་སྙིང་པོར་ཉི་ཤུ་ཡོད། སེམས་བསྐྱེད་ནས་སྐབས་ལྔ་པའི་བར་ཕར་ཕྱིན་འཛིན་གྲྭ་ཁག་གི་ཀ་སྡེའི་སློབ་ཚན་བྲིས་རྒྱུགས་ལ་རྩ་བའི་ཨང་ལྔ་བཅུ་ཡོད་པ་ལས། འཛིན་གྲྭ་སོ་སོའི་སྐབས་ཀྱི་སྤྱི་མཐའ་གཉིས་ལ་ཨང་སུམ་ཅུ་དང་། རྣམ་བཤད་སྙིང་རྒྱན་ལ་ཨང་ཉི་ཤུ་རེ་ཡོད། དབུ་མ་སེམས་བསྐྱེད་དང་བདེན་གཉིས་ཀྱི་བྲིས་རྒྱུགས་ལ་རྩ་བའི་ཨང་ལྔ་བཅུ་ཡོད་པ་ལས། འཛིན་རིམ་སོ་སོའི་ཐད་ཀྱི་སྤྱི་མཐའ་གཉིས་ལ་ཨང་སུམ་ཅུ་དང་། དབུ་མ་དགོངས་པ་རབ་གསལ་ལ་ཨང་ཉི་ཤུ་ཡོད། དབུ་མ་བདག་འགོག་འཛིན་གྲྭའི་བྲིས་རྒྱུགས་རྩ་བའི་ཨང་ལྔ་བཅུ་ལས། སྤྱི་མཐའ་གཉིས་ལ་ཨང་ཉི་ཤུ་རྩ་ལྔ་དང་། དབུ་མ་དགོངས་པ་རབ་གསལ་ལ་ཨང་ཉི་ཤུ་རྩ་ལྔ་ཡོད། འདུལ་བ་ལོ་རིམ་བཞིའི་བྲིས་རྒྱུགས་ལ་རྩ་བའི་ཨང་ལྔ་བཅུ་རེ་ཡོད་པ་ལས། འཛིན་གྲྭ་སོ་སོའི་ཐད་ཀྱི་འདུལ་སྡོམ་ལ་ཨང་ཉི་ཤུ་རྩ་ལྔ། མཚོ་ཊཱིཀ་དང་འདུལ་ཊཱིཀ་རིན་འཕྲེང་གཉིས་ལ་ཨང་ཉི་ཤུ་རྩ་ལྔ་ཡོད། མཛོད་ལོ་རིམ་གཉིས་ཀྱི་བྲིས་རྒྱུགས་ལ་རྩ་བའི་ལྔ་བཅུ་རེ་ཡོད་པ་ལས། འཛིན་རིམ་སོ་སོའི་ཐད་ཀྱི་མཛོད་རྩ་ལ་ཨང་ཉི་ཤུ་རྩ་ལྔ། མཆིམས་མཛོད་དང་། མཛོད་ཊཱིཀ་ཐར་ལམ་གསལ་བྱེད་གཉིས་ལ་ཨང་ཉི་ཤུ་རྩ་ལྔ་ཡོད་པ་བཅས་སོ།།
༡༢༽ཁ་སྡེའི་སློབ་ཚན།
གཞུང་གསར་འཛིན་གྲྭའི་ཁ་སྡེའི་སློབ་ཚན་ནི། ངག་སྒྲོན་སྟོད་ཆ་དང་ལེགས་བཤད་ལྗོན་དབང་། དྲང་ངེས་འཛིན་གྲྭའི་ཁ་སྡེའི་སློབ་ཚན། ངག་སྒྲོན་སྨད་ཆ་དང་དཀའ་གནད་གསལ་བའི་མེ་ལོང་། སེམས་བསྐྱེད་འཛིན་གྲྭའི་ཁ་སྡེའི་སློབ་ཚན། སུམ་ཅུ་པའི་རྩ་བ་དང་། དངུལ་ཆུའི་སུམ་འགྲེལ། དགེ་འདུན་ཉི་ཤུའི་འཛིན་གྲྭའི་ཁ་སྡེའི་སློབ་ཚན། རྟགས་འཇུག་རྩ་བ་དང་། དངུལ་ཆུའི་རྟགས་འགྲེལ། བསམ་གཟུགས་འཛིན་གྲྭའི་ཁ་སྡེའི་སློབ་ཚན། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་དང་། དགེ་ལུགས་ཆོས་འབྱུང་སྟོད་ཆ། སྐབས་བཞི་པའི་འཛིན་གྲྭའི་ཁ་སྡེའི་སློབ་ཚན། དགེ་ལུགས་ཆོས་འབྱུང་སྨད་ཆ་དང་། གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད། སྐབས་ལྔ་པའི་འཛིན་གྲྭའི་ཁ་སྡེའི་སློབ་ཚན། རྟག་ཏུ་ངུའི་རྟོགས་བརྗོད་དང་། རྒྱལ་དབང་ལྔ་པས་མཛད་པའི་སྙན་ངག་ལེའུ་གཉིས་པའི་འགྲེལ་པ་བཅས་ཡིན་ནོ། །