ཕྱི་ལོ་ ༢༠༡༩ ལོར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སློབ་གཉེར་བ་རྣམས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དགེ་ལུགས་རྒྱུགས་སྤྲོད་ཕེབས་པ།
ཆོས་སྡེ་ཆེན་པོ་དཔལ་ནཱ་ལནྡཱ་གཉིས་པ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕེབས་མཁན་དགེ་འདུན་པ་ཞལ་གྲངས་༢༢༢ ཡོད་ཅིང་། དེ་ཡང་ལྷ་རམས་གཉིས་པར་ཞལ་གྲངས་ ༢༧ ། ལྷ་རམས་དང་པོར་ཞལ་གྲངས་ ༢༦ ། སློབ་དཔོན་གཉིས་པར་ཞལ་གྲངས་ ༢༤ ། སློབ་དཔོན་དང་པོར་ཞལ་གྲངས་༢༥ ། བཀའ་རམས་གཉིས་པར་ཞལ་གྲངས་ ༦༠ ། བཀའ་རམས་དང་པོར་ཞལ་གྲངས་ ༦༠ བཅས་བསྡོམས་སློབ་གཉེར་བ་ཞལ་གྲངས་མི་༢༢༢ དང་། དགེ་ལུགས་རྒྱུགས་སྤྲོད་དབུ་ཚུགས་པའི་དུས་ཚོད་ནི་ཕྱི་ཟླ་༨ ཚེས་༢༦ ནས་ཕྱི་ཟླ་༩ ཚེས་༢༥ བར་ཟླ་བ་གཅིག་གི་རིང་དགེ་ལུགས་རྒྱུགས་སྤྲོད་གནང་རྒྱུ་ཡིན་འདུག་པ་དང་།
ཕྱི་ལོ། ༡༩༧༥ ལོར་དགེ་ལུགས་རྒྱུགས་སྤྲོད་ཐོག་མ་དེ་དབུ་འཛུགས་གནང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་འདི་ཡང་གདན་ས་གསུམ་གྱི་དགེ་འདུན་པ་རྣམས་བཙན་བྱོལ་དུ་འབྱོར་རྗེས་སྔར་སྲོལ་སློབ་གཉེར་གྱི་ལམ་ལུགས་རྒྱུན་འཛིན་གནང་བ་མ་ཟད། དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་དང་། བཀྲ་ཤིས་ལྷུན་པོ། རྭ་སྟོད་བཅས་ཀྱི་ཁོངས་ནས་སློབ་གཉེར་བ་རང་རང་གི་གདན་ས་གྲྭ་ཚང་དུ་རྒྱུགས་སྤྲོད་ཐོན་ཟིན་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པ་ལ་སྔོན་འགྲོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གིས་སྟངས་འཛིན་དང་གོ་སྒྲིག་འོག་ལོ་དྲུག་ངེས་པར་དུ་རྒྱུགས་སྤྲོད་བྱེད་པོ་ཡོངས་རྫོགས་མཉམ་ཞུགས་དགོས་པའི་རྒྱུགས་སྤྲོད་ཅིག་ཡིན།
དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གིས་དོ་དམ་འོག་ཏུ་ལྷ་རམས་རྒྱུགས་སྤྲོད་ལོ་གཉིས་དང་།སློབ་དཔོན་ལོ་གཉིས།བཀའ་རམས་ལོ་གཉིས་བཅས་ལོ་དྲུག་ལ་རྒྱུགས་སྤྲོད་ཕེབས་གྲུབ་རྗེས།དེ་ནས་གདན་གསུམ་སྨོན་ལམ་ཆེན་མོར་ལྷ་རམས་དམ་འཇོག་གནང་སྟེ་དགེ་བཤེས་ཀྱི་མཚན་རྟགས་བཞེས་ཀྱི་ཡོད།
རྒྱུགས་སྤྲོད་ཀྱི་སློབ་ཚན་རིམ་པ་ལ་ཐུན་མོང་མིན་པའི་གཞུང་ཆེན་བཀའ་པོད་ལྔ་དང་།ཐུན་མོང་བའི་རིག་གནས་ལ།ཐུན་མོང་བོད་སྐད།ཞར་བྱུང་སློབ་ཚན།དམིགས་བསལ་བོད་སྐད་བཅས་རྩོད་བྲིས་གཉིས་ཡོད།
༢༠༡༨ ལོར་གྲོས་ཆོད་བྱུང་དོན་ལྟར་དེ་ལོ་ནས་བཀའ་རམས་དང་པོ་ལ་ཚན་རིག་རྒྱུགས་སྤྲོད་ཀྱང་ཡོད། རྒྱུགས་སྤྲོད་སློབ་གཉེར་བ་སྤྱི་དང་། གྲྭ་ཚང་གི་རྒྱུགས་ཞུགས་པ་ཡོངས་ལ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་ལམ་ལྷོང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ