༄༅། །དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། དཔེ་ཐུབ་ཁམས་ཚན་ཟུང་འབྲེལ་ཐོག་བློ་གླིང་དཔེ་ཐུབ་ཁམས་ཚན་དུ་རིགས་ལམ། བཟང་སྤྱོད། བྷོ་ཊི་སྐད་ཡིག་ཟབ་སྦྱོང་ཐོག་ལ་དྭགས་སློབ་མ་མཉམ་ཞུགས་གནང་མཁན་ཡོངས་ལ་གཟེངས་བསྟོད་ཀྱི་ཕྱག་འཁྱེར་སྩལ་བའི་མཛད་སྒོ་ཞིག་ཚོགས་པ།
- Categories གསར་འཕྲིན།
- Date April 30, 2022
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་བ་ ༤ པའི་ཚེས་ ༣༠ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་༧ སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་དཔལ་བཟང་པོ་མཆོག་དབུས་བཞུགས་ཐོག། མཛད་སྒོ་དེར་ཆིབས་བསྒྱུར་སྐྱོང་བའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་དང་། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མང་པོའི་ཚོགས་གཙོ་དང་། དེ་བཞིན་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་ཕྲུག་རྣམས་མཉམ་འཛོམས་ཐོག འདས་པའི་ལོ་གསུམ་གྱི་དགུན་ཁའི་གུང་སེང་སྐབས་ལ་དྭགས་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་རིགས་ལམ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། བྷོ་ཊི་སྐད་ཡིག་བཅས་ཀྱི་ཟབ་སྦྱོང་གནང་བའི་སྐབས་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཀུན་ལ་གཟེངས་བསྟོད་ཕྱག་འཁྱེར་གྱི་མཛད་སྒོ་ཞིག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། དཔེ་ཐུབ་ཁང་ཚན། དཔེ་ཐུབ་དགོན་པ། བ་ཀུ་ལ་བླ་བྲང་དང་དཔེ་ཐུབ་ཡུལ་མི་ཐུན་མོང་ནས་གོ་སྒྲིག་ཞུས་པའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད། ཐོག་མར་སྔ་དྲོར་ཆུ་ཚོད་༡༠ ནས་སྐུ་མགྲོན་རྣམས་དཔེ་ཐུབ་ཡུལ་མིའི་་ཚོགས་ཁང་དུ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་༧ སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་དང་། ཕྱོགས་བཞིའི་བླ་མ་རྒན་བློ་བཟང་ལྷུན་འགྲུབ་མཆོག་གིས་ཕེབས་བསུའི་གསུང་བཤད་དང་། སྐུ་ཞབས་སྐལ་བཟང་རྡོ་རྗེ། ཏོག་གཞོན་ནུ་དོན་འགྲུབ་ཀྱི་སློབ་མ། དགེ་བཤེས་བློ་བཟང་དབང་ཕྱུག ལ་དྭགས་མི་མང་སློབ་གྲྭའི་སློབ་མ། ཡོན་ཏན་ལས་ཁུངས་ཀྱི་དཔོན་སྐུ་ཞབས་རྡོ་རྗེ་རྣམ་རྒྱལ། ལ་དྭགས་ནང་པའི་ཚོགས་འདུས་ཀྱི་དབུ་སྐྱོང་གཞོན་པ་སྐུ་ཞབས་ཚེ་རིང་རྡོ་རྗེ། ལ་དྭགས་དགོན་ཚོགས་དབུ་སྐྱོང་དགེ་བཤད་སྒྲུབ་བྱམས་པ། ས་གནས་སྤྱི་འཐུས་སྐུ་ཞབས་ནོར་བུ་དོན་འགྲུབ། དགེ་འདུན་པའི་སྤྱི་འཐུས་དགེ་དཀོན་མཆོག་ཚེ་འཕེལ། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་སྐུ་ཞབས་ཚེ་རིང་དབང་ཕྱུག་སྡེ་དཔོན་གཞོན་པ་མཆོག་སོ་སོ་ནས་སྤྱི་སྒེར་ཀུན་ལ་ཕན་པའི་གསུང་བཤད་གནང་ཡོད་པ་རེད། མཐར་སྐུ་མགྲོན་གཙོ་བོ་༧ སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་གིས་གསུང་བཤད་དང་གཟེངས་བསྟོད་ཕྱག་འཁྱེར་བྱ་དགའ་དང་མཇལ་དར་བཅས་སྒྲོན་པར་གནང་། མཇུག་ཏུ་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་མི་འདྲ་བ་ཁག་བཅས་གཟིགས་འབུལ་ཞུས་པ་དང་། དཔེ་ཐུབ་ཡུལ་གྱི་འགོ་པ་སྐུ་ཞབས་བློ་བཟང་ལྷ་རྗེ་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད།