༄༅། །གངས་ཅན་གྱི་དཔལ་ནཱ་ལནྡཱ་ཆེན་མོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གི་སྐབས་བཅུ་བདུན་པའི་ཕྱག་མཛོད་སྐབས་སུ་དགེ་འདུན་འདུས་སྤྱིའི་ཚོགས་ཆེན་ཐེངས་དང་པོ་ཚོགས་གནང་བ།
ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༩ ཚེས་ ༡༧ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གྲྭ་ཚང་གི་ཕྱག་མཛོད་སྐབས་བཅུ་བདུན་པའི་དགེ་འདུན་འདུས་སྤྱིའི་ཚོགས་ཆེན་ཐེངས་དང་པོ་ཚོགས་གནང་ཡོད་པ་རེད། དགེ་འདུན་འདུས་སྤྱིའི་ཚོགས་གཙོ་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དང་། ཚོགས་གཞོན་བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཡེ་ཤེས་ཆོས་འཕེལ། ཁྲིམས་བདག་དགེ་བསྐོས་ཕུ་ཁང་དགེ་བཤེས་ཐུབ་བསྟན་ལྷུན་འགྲུབ། དབུ་མཛད་གོ་བོ་དགེ་བཤེས་ཨ་དགའ། བླ་མའི་ཚོགས་མི་ཤག་སྐོར་མཁན་སྤྲུལ། ཚོགས་མི་དཔེ་ཁྲིད་དགེ་རྒན་ཕུ་ཁང་དགེ་བཤེས་བསྟན་འཕེལ། ཏྲེ་ཧོར་དགེ་བཤེས་བྱམས་པ་དགེ་ལེགས། གོ་བོ་དགེ་བཤེས་ཐར་འདོད། ཕྱག་མཛོད་ཁྲི་པ་སྤོམ་ར་དགེ་བཤེས་འཇམ་དབྱངས་དབང་ཕྱུག་གཙོས་ཕྱོགས་བཞུགས་ཕྱག་མཛོད་རྣམ་པ། ཁང་ཚན་ཉེར་བཞིའི་ཚོགས་མི་རེ། སྐབས་བཞི་པ་ཡན་མཛོད་གཉིས་པའི་བར་འཛིན་གྲྭ་སོ་སོའི་ཚོགས་མི་བཅུ། དགེ་ལུགས་རྒྱུགས་སྤྲོད་ཀྱི་འཐུས་མི། རྒྱུགས་ཞིབ་ལྷན་ཁང་གི་འགན་འཛིནགཙང་པ་དགེ་བཤེས་རྣམ་རྒྱལ། སློབ་གྲྭའི་སློབ་སྤྱི་ཏྲེ་ཧོར་དགེ་བཤེས་ཡ་མ་དོན་འགྲུབ། དཔེ་མཛོད་འགན་འཛིན་ཕ་ར་དགེ་བཤེས་ངག་དབང་ནོར་བུ། སྨན་ཁང་འགན་འཛིན་ཏྲེ་ཧོར་དགེ་བཤེས་བྱམས་པ་ཆོས་འཕེལ། ཚན་རིག་སྡེ་ཚན་འགན་འཛིན་བཅས་ལྷན་འཛོམས་ཐོག་ཕྱག་མཛོད་ཁང་གི་དབུས་སྡེ་ཚན་ཁག་གི་ཟླ་དྲུག་ལས་བསྡོམས་སྙན་སྒྲོན་དང་མ་འོངས་ལས་འཆར་སྐོར་ལ་བཀའ་སྡུར་ལྷུག་པོ་གནང་སྟེ་འདུས་སྤྱིའི་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།
དགེ་འདུན་འདུས་སྤྱིའི་ཚོགས་ཆེན་ཆེན་མོ་ཞེས་པ་འདི་ཡང་སྤྱིར་སངས་རྒྱས་ཀྱི་བཅས་པ་དང་། སྒོས་དགེ་འདུན་གྱི་ནང་ཁྲིམས། དཔལ་ལྡན་འབྲས་དཀར་སྤུངས་པའི་བཅའ་ཡིག་ཆེན་མོ་གཞིར་བཟུང་འོག་གྲྭ་ཚང་གི་ཚོགས་ཆོས་སློབ་གཉེར་དང་། སྒྲིག་འཛུགས། འཛིན་སྐྱོང་བཅས་ཀྱི་སྐོར་སྔར་སྲོལ་མཐོང་བ་བརྒྱུད་པའི་ཕྱག་ལེན་ཡོད་བཞིན་པ་དེ་ལྟར་ཡང་། ད་ཆར་དེང་རབས་ཀྱི་དགོས་མཁོ་སྤྱི་དང་། ལྷག་པར་གནས་ཡུལ་རྒྱ་གར་གཞུང་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ལམ་སྲོལ། དེ་དག་དང་འབྲེལ་བའི་ཡུལ་ཁྲིམས་སོགས་དང་བསྟུན་ཏེ་གྲྭ་ཚང་འདིའི་ཆོས་སྲིད་ཀྱི་མཛད་སྒོ་སྤྱི་དང་། ལྷག་པར་དགེ་འདུས་པ་རྒྱ་མཚོའི་འཚོ་རྟེན་ཞལ་དུ་འདུ་བའི་སྒོ་དཔལ་འབྱོར་གྱི་འདུ་འགོད་ཆེ་ཕྲ་ཡོངས་རྫོགས་ཡུལ་ཁྲིམས་དང་མི་འགལ་བ་དགོས་རྒྱུ་གལ་འགངས་ཤིན་ཏུ་ཆེ་བར་བརྟེན། རིམ་བཞིན་དགོས་མཁོ་དང་བསྟུན་ཏེ་ཤེས་ཡོན་དང་འཕྲོད་བསྟེན་དང་འབྲེལ་བའི་ཁྲིམས་མཐུན་ཚོགས་པ་འགའ་ཤས་ཡུལ་ཁྲིམས་འོག་དེབ་སྐྱེལ་གནང་བ་དང་། དེ་བཞིན་སློབ་གཉེར་བ་དང་། རྒྱུགས་སྤྲོད་ཀུན་སྤྱོད་བླང་དོར་སོགས་ཀྱི་སྐོར་རི་བོ་དགེ་ལྡན་པ་སྤྱི་དང་། གདན་ས་གྲྭ་ཚང་སོ་སོའི་སྒྲིགས་གཞི་ཇི་སྙེད་ཅིག་གཏན་འབེབས་ཕྱག་བསྟར་མཛད་ཡོད་ནའང་། ད་དུང་དེ་དག་གིས་ཡུལ་ཁྲིམས་ཀྱི་དགོས་ཁོམ་ཆ་ཚང་སྒྲུབ་མི་ཐུབ་ཉམས་མྱོང་དངོས་བྱུང་ལ་བརྟེན། ཨ་རི་ཨེ་མོ་རི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་པོ་དགེ་བཤེས་བློ་བཟང་བསྟན་འཛིན་གྱིས་གཞེན་སྐུལ་སྔ་རྗེས་གནང་བ་བཞིན་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། ལས་སྣེ་དབུ་ཆོས་རྣམས་ཀྱིས་ཐུགས་འགན་བཞེས་ཏེ་༢༠༡༥ ལོའི་ཟླ་ ༥ ཚེས་ ༨ ནས་ ཚེས་ ༡༠ བར་ཉིན་གསུམ་རིང་གྲྭ་ཚང་གི་ཡང་ཐོག་ཏུ་དམིགས་བསལ་ཚོགས་ཆེན་ཐོག་བློ་གྲོས་ཞིབ་བསྡུར་གྱིས་མ་འོངས་འཛིན་སྐྱོང་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཚང་ལ་མ་ནོར་བ་ཞིག་གཏན་འབེབས་གནང་རྒྱུའི་གཞི་རྩའི་ལམ་སྟོན་དང་། སྒྲོམ་གཞི་གཏན་འབེབས་གནང་བ་ལྟར་ཁྱད་མཁས་མི་སྣའི་ཟིན་བྲིས་ཚོགས་ཆུང་གིས་ཟིན་བྲིས་སུ་བཏབ་པ་དགེ་འདུན་འདུས་སྤྱིའི་ཚོགས་ཆེན་ནས་༢༠༡༦ ཟླ་བ་ ༦ པའི་ཚེས་ ༡༦ ལ་གཏན་ལ་ཕབ་པ་ཞིག་རེད། ཟིན་བྲིས་འདི་གཏན་པ་ཕབ་པ་ནས་ཕྱག་མཛོད་སྐབས་སོ་སོ་ནས་ལོ་རེའི་ནང་ཐེངས་གཉིས་རེ་འཚོགས་དང་ཚོགས་བཞིན་པ་ཡིན།