༄༅། །གངས་ཅན་གྱི་དཔལ་ནཱ་ལནྡཱ་ཆེན་མོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གི་གསང་བ་སྔགས་ཀྱི་སློབ་གཉེར་བ་རྣམས་ཀྱིས་སྔགས་རྒྱུགས་འབུལ་བ།
ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༩ ཚེས་ ༡༥ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གྲྭ་ཚང་གི་བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཡེ་ཤེས་ཆོས་འཕེལ། ཁྲིམས་བདག་དགེ་བསྐོས་ཕུ་ཁང་དགེ་ཐུབ་བསྟན་ལྷུན་འགྲུབ། དབུ་མཛད་གོ་བོ་དགེ་བཤེས་ཨ་དགའ། རྒྱུགས་སྤྲོད་ཚོགས་ཆུང་གི་ཚོགས་མི་ཡོངས། རྒྱུགས་སྤྲོད་ཞིབ་བཤེར་པའམ་བརྒྱ་ཆ་འབུལ་མཁན། སྔགས་ཀྱི་འཛིན་གྲྭ་རྒྱུད་སྡེ་འོག་མ། བསྐྱེད་རིམ། རྫོགས་རིམ་བཅས་འཛིན་གསུམ་བཅས་ལྷན་འཛོམས་ཐོག་སྔགས་ཀྱི་བྲིས་རྩོད་གཉིས་རྒྱུགས་སྤྲོད་གནང་ཡོད་པ་རེད། དེ་ཡང་གྲྭ་ཚང་ནས་དགེ་བཤེས་རྣམས་དཔལ་ལྡན་རྒྱུད་སྨད་དང་། རྒྱུད་སྟོད་གྲྭ་ཚང་བཅས་ལ་ལོ་གཅིག་རིང་ཆོས་ཐོག་ཕེབས་ནས་སླར་ཡང་ཕྱིར་འཁོར་གྲུབ་མཚམས་ལོ་གསུམ་རིང་རྒྱུད་སྡེ་འོག་མ་དང་། བསྐྱེད་རིམ། རྫོགས་རིམ་བཅས་གཟིགས་ནས་རྒྱུགས་སྤྲོད་གནང་དགོས། དེ་རིང་སྔ་དྲོར་སྔགས་ཀྱི་འཛིན་གྲྭ་གསུམ་གྱིས་བྲིས་རྒྱུགས། ཉིན་རྒྱབ་དང་། ཕྱི་དྲོ་བཅས་ལ་རྩོད་རྒྱུགས་འབུལ་ལམ་བྱས་ཡོད། རྒྱུགས་འབུལ་མཁན་རྒྱུད་སྡེ་འོག་མ་ལ་ཞལ་གྲངས་༣༠ དང་། བསྐྱེད་རིམ་ལ་ཞལ་གྲངས་ ༢༥ ། རྫོགས་རིམ་ལ་ཞལ་གྲངས་༡༧ བཅས་ཁྱོན་དགེ་བཤེས་༧༢ ཀྱིས་སྔགས་ཀྱི་རྒྱུགས་སྤྲོད་གནང་ཡོད།