འཇང་དགུན་ཆོས་ཞེས་པ་ནི་གནས་མིང་ཆོས་ཐོག་ལ་བཏགས་པ་ཞིག་སྟེ། འཇང་གྲོང་ཚོའི་ཕུར། འཇང་དགོན་པ་ཞེས་པ་ཞིག་ཡོད་པ་དེ་ནི་ལོ་རྒྱུས་ཐོག་གྲགས་པ་ཆེ་ཙམ་ཡིན། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཐོད་ལེ་ཀོར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ནམ་མཁའ་ལ་འཕངས་ཏེ་དགོན་གནས་དེར་ཟག་པར་གྲགས་ཤིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་གནས་ཤིག་ཡིན་པས་ས་གནས་དེར་དགུན་དུས་ཀྱི་ཆོས་ཐོག་དེ་ལ་འཇང་དགུན་ཆོས་ཞེས་པ་དང་། ཡང་ལ་ལས་འཇམ་དབྱངས་དགུན་ཆོས་ཞེས་ཀྱང་འབོད་ཀྱི་ཡོད་། གནས་གཅིག་ཏུ་ཆོས་ཐོག་གཅིག་ལ་མིང་དེ་གཉིས་གང་འབོད་ཀྱང་ཆོག་སྟེ་རྒྱུ་མཚན་ཐ་དད་ཙམ་ལས་ཁྱད་པར་མེད། བོད་ཟླ་བཅུ་གཅིག་ནང་གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་དྲུག་དང་། སྙེ་ཐང་རྭ་སྟོད་དགོན། འོན་མདའ་རིས་གྲྭ་ཚང་སོགས་མཚན་ཉིད་དར་ཁྱབ་ཆེ་བའི་དབུས་ཁུལ་གྱི་དགོན་སྡེ་ཁག་གི་དགེ་འདུན་སྟོང་ཕྲག་བརྒལ་བ་འཛོམས་ཏེ་གཞུང་ཆེན་བཀའ་པོད་ལྔ་ཡི་ནང་ཚན་ཚད་མ་རྣམ་འགྲེལ་དང་། དེའི་དགོངས་འགྲེལ་ཁག་ལ་གསན་བསམ་དང་བརྒལ་བརྟག་གནང་གི་ཡོད། དེ་ཡང་ཟླ་བ་གཅིག་གི་རིང་ཉིན་རེ་སྲོད་ཆོས་དམ་བཅའ་རེ་དང་། འཛིན་གྲྭའི་དམ་བཅའ་རེ་ཆག་མེད་ཡོད། སྲོད་ཆོས་དམ་བཅའི་སྐབས་གྲྭ་ཚང་ཕན་ཚུན་བར་དམ་བཅའ་འཇོག་རེས་གནང་གི་ཡོད། མཚན་ཕུད་དམ་བཅའ་ཆེན་པོ་གཉིས་ཡོད། དེ་མིན་དཔེ་ཁྲིད་དང་དཔེ ཀློག་དང་རྩོད་པ་བཅས་ཀྱིས་དུས་འདའ་བའི་གསན་བསམ་རྣལ་མ་མཛད་སྲོལ་ཡོད། དེའི་སྐབས་ཀྱི་མང་ཇ་དང་དམ་བཅའ་ཞུ་ས། ཁྲིམས་ཇི་ནོན་བྱེད་སྒོ་ཁག་གི་འགན་གཙོ་ནི་སྙེ་ཐང་རྭ་སྟོད་གྲྭ་ཚང་གིས་གནང་གི་ཡོད། དེ་དང་མཚུངས་པ་འཕགས་ཡུལ་དུ་བྱེས་འབྱོར་སེར་འབྲས་དགའ་གསུམ་དུ་ལོ་རེ་བཞིན་རེས་མོས་ཀྱི་གདན་གསུམ་གྲྭ་ཚང་དྲུག་དང་། རྭ་སྟོད། བཀྲ་ཤིས་ལྷུན་པོ་བཅས་ཀྱི་སློབ་གཉེར་བ་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་ཟླ་བ་གཅིག་གི་རིང་ཉིན་རེ་བཞིན་སྲོད་ཆོས་དམ་བཅའ་དང་འཛིན་གྲྭ་དམ་བཅའ་བཅས་ཆག་མེད་ཡོད། སྲོད་ཆོས་དམ་བཅའི་སྐབས་གྲྭ་ཚང་ཕན་ཚུན་དམ་བཅའ་འཇོག་རེས་སྔ་ནས་རྒྱན་བརྒྱབ་སྟེ་གཏན་འཁེལ་ཟིན་པ་དགོས། མཚན་ཕུད་དམ་བཅའ་གཉིས་ཡོད། དེ་ནི་དཔེར་ན་བློ་གསལ་གླིང་དུ་མཚན་ཕུད་དམ་བཅའ་ཚོགས་ན། སྒོ་་མང་གྲྭ་ཚང་། བྱང་རྩེ་གྲྭ་ཚང་། བྱེས་པ་གྲྭ་ཚང་གསུམ་དམ་བཅའ་དང་། བློ་གསལ་གླིང་། ཤར་རྩེ་གྲྭ་ཚང་། སེར་སྨད་གྲྭ་ཚང་གསུམ་གྱིས་རྟགས་བསལ་གཏོང་དགོས། སྒོ་མང་གྲྭ་ཚང་དུ་མཚན་ཕུད་ཡིན་ན། བློ་གསལ་གླིང་། ཤར་རྩེ་གྲྭ་ཚང་། སེར་སྨད་གྲྭ་ཚང་གསུམ་དམ་བཅའ་དང་གཞན་གསུམ་གྱིས་རྟགས་བསལ་གཏོང་བ་སོགས་སྔོན་གྱི་ཕྱག་སྲོལ་དྲི་མ་མེད་པ་སྐྱོང་བཞིན་པ་དང་། གྲྭ་ཚང་འདི་ཉིད་ཀྱིས་ལོ་ལྟར་སློབ་གཉེར་བ་ལྔ་བརྒྱ་ཙམ་འཇང་དགུན་ཆོས་སུ་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་ལ་གུས་རྟག་སྦྱོར་བའི་བརྩོན་འགྲུས་ཀྱིས་སྦྱངས་པ་མི་དམན་པ་གནང་གི་ཡོད། འཇང་དགུན་ཆོས་གྲོལ་རྗེས་གྲྭ་ཚང་འདི་ཉིད་དུ་ཆོས་ཐོག་དེར་ཕེབས་མཁན་གྱི་གྲྭ་པ་རྣམས་ཀྱིས་ལོ་ཕྱི་མའི་དགེ་བཤེས་ལྷ་རམས་པ་རྣམས་དམ་བཅའ་བཞུགས་སྐབས་ཆོས་ཐོག་རྒན་གཉིས་ཡོད། དེ་ནི། ལོ་ཕྱི་མའི་དགེ་བཤེས་ལས་ཐོག་པ་མཚན་ཐོ་རྒན་པ་གཉིས་ཀྱིས་གནང་གི་ཡོད། འཇང་དགུན་ཆོས་མ་ཚུགས་པའི་སྔ་རོལ་ནས་སློབ་གཉེར་བ་རྒྱུགས་སྤྲོད་ཨང་རིམ་བཞིན་དམ་བཅའ་འཇོག་མཁན་འཛིན་གྲྭའི་སྐྱོར་དཔོན་ནས་མཚན་ཐོ་ཆོས་ཐོག་རྒན་ལ་ཕུལ་ནས་རྒྱན་བརྒྱབ་སྟེ་དམ་བཅའ་འཇོག་མཁན་གཏན་འབེབས་གནང་གི་ཡོད། ཆོས་ཐོག་རྒན་གྱིས་འཇང་དགུན་ཆོས་ཕེབས་མཁན་མང་ཉུང་ལ་དཔག་སྟེ་དཔེ་ཁྲིད་རྒན་མང་ཉུང་ཇི་དགོས་གདན་འདྲེན་ཞུ་དགོས།
1. Exam PhasesStudents must give exams in these subjects: Tagrig, Paramita, Madhyamaka, Vinaya and Abidharma during their respective classes. As for the course duration of these subjects, it is one year for Tagrig, seven years for Paramita, three years for …
༡༽ ཧོར་ཟླ་དང་པོ་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་དུས་ཆེན་ཡིན། དེར་ལྷ་ལྡན་སྨོན་ལམ་ཆེན་མོ་ཚུགས།༢༽ ཧོར་ཟླ་བཞི་པ་ས་གའི་ཟླ་བའི་དུས་བཟང་ལ་འབྲས་སྤུངས་ཚོགས་ཆེན་དུ་རྒྱན་འཇུག་གཉིས་ཀྱི་སྐྱོར་བརྡ་དང་། གྲྭ་ཚང་དུའང་རྒྱན་འཇུག་གཉིས་ཀྱི་སྐྱོར་བརྡ་དང་བླ་མ་མཆོད་པའི་ཚོགས་མཆོད་གནང་དགོས། ཚེས་བཅོ་བརྒྱད་ཉིན་རྗེ་འཇམས་དབྱངས་ཆོས་རྗེའི་འདས་མཆོད་བྱེད།༣༽ ཧོར་ཟླ་དྲུག་པའི་ཚེས་བཞི་ཉིན་ཆོས་འཁོར་དུས་བཟང་ལ་འབྲས་སྤུངས་ཚོགས་ཆེན་དུ་རྒྱན་འཇུག་གཉིས་ཀྱི་སྐྱོར་བརྡ། གྲྭ་ཚང་དུ་རྒྱན་འཇུག་གཉིས་ཀྱི་སྐྱོར་བརྡ། ཚེས་སུམ་ཅུ་ཉིན་འབྲས་སྤུངས་ཞོ་སྟོན་དུས་ཆེན་ཞེས་ཡོངས་སུ་གྲགས་པ་དེ་ཡིན།དུས་བཟང་འདིའི་སྐབས་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་གསར་རྙིང་བརྗེ་བ་དང་གྲྭ་ཚང་འདིའི་དགེ་སྐོས་གསར་པ་ཁྲི་སྟོན་མཛད་སྒོ་སྐྱོང་།༤༽ ཧོར་ཟླ་བདུན་པའི་ཚེས་བརྒྱད་ཉིན་ཀླུ་འབུམ་དུས་བཟང་ཡིན། དེའི་ཉིན་འབྲས་སྤུངས་ཚོགས་ཆེན་གྱི་རྒྱལ་མཚན་མཐོན་པོ་མན་ཆད་ནས་གྲྭ་ཚང་ཁག་དང་ཁང་ཚན་ཁག་བཅས་སུ་རྩ་ཆེན་རྟེན་གསུམ་གང་ཡོད་ལ་སྤོས་བསྐོར་དང་མཇལ་ཁ་ཞུ་གི་ཡོད།༥༽ བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ལྷ་བབ་དུས་ཆེན་ཡིན། ཚོགས་ཆེན་དུ་རྒྱན་འཇུག་གཉིས་ཀྱི་སྐྱོར་བརྡ་དང་གྲྭ་ཚང་དུ་དུས་བཟ་གི་སྲོལ་ལྟ་ཐུབ་བསྟོད་ཁག་དང་རྒྱན་འཇུག་གཉིས་ཀྱི་སྐྱོར་བརྡ་དང་བླ་མཆོད་ཚོགས་འཁོར་བཅས་སོ། །༦༽ བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་ལྔ་མཆོད་ཆེན་མོ་ཡིན། ཚོགས་ཆེན་དུ་རྗེའི་བསྟོད་ཚོགས་ཁག་དང་རྒྱན་འཇུག་གཉིས་ཀྱི་སྐྱོར་བརྡ་དང་། གྲྭ་ཚང་དུ་ཡང་རྗེའི་བསྟོད་ཚོགས་ཁག་དང་། རྒྱན་འཇུག་གཉིས་ཀྱི སྐྱོར་བརྡ་དང་། བླ་མ་མཆོད་པའི་ཚོགས་མཆོད་བཏོན་ཏེ ་གློག་མཆོད་དང་མར་མེའི་ཕྲེང་བ་བསྟར་ཞིང་དམིགས་བརྩེ་མའི་གདུང་དབྱངས་སྙན་པོ་འཐེན་དགོས་པ་བཅས་སོ། །༧༽ བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་འཇམ་མགོན་རྒྱལ་བའི་གདུང་འཚོབ་ཁྲི་ཐོག་བཅོ་ལྔ་པ་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་དགོངས་རྫོགས་དུས་བཟང་ཡིན། ཚོགས་ཆེན་དུ་རྒྱན་འཇུག་གཉིས་ཀྱི་སྐྱོར་བརྡ་དང་གྲྭ་ཚང་དུའང་པཎ་ཆེན་གསོལ་འདེབས་དང་རྒྱན་འཇུག་གཉིས་ཀྱི་སྐྱོར་བརྡ་དང་བླ་མ་མཆོད་པའི་ཚོགས་མཆོད་དང་། གློག་མཆོད་དང་མར་མེའི་ཕྲེང་བ་སྤེལ་ཏེ་དམི གས་བརྩེ་མའི་གདུང་དབྱངས་སྙན་པོ་སྒྲོག་དགོས་པ་ལགས་སོ།།༨༽ བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ལྔའི་ཉིན་ཡོངས་འཛིན་གླིང་རིན་པོ་ཆེའི་དགོངས་རྫོགས་དུས་ཆེན་ཡིན། ཚོགས་ཆེན་དུ་རྒྱན་འཇུག་གཉིས་ཀྱི སྐྱོར་བརྡ་དང་། གྲྭ་ཚང་དུ་བླ་མ་མཆོད་པའི་ཚོགས་འཁོར་དང་གཞུང་ཆེན་ཁག་གི་སྐྱོར་བརྡ་དང་གློག་མཆོད་དང་མར་མེའི་ཕྲེང་བ་རྒྱ་ཆེ་བསྟར་བ་སོགས་གནང་དགོས།
སྲོད་ཆོས་ནི། གྲྭ་ཚང་འདི་ཉིད་ཀྱི་གལ་ཆེ་བའི་བྱེད་སྒོ་དོན་པོ་ཆེ་ཞིག་ཡིན། དེ་ཡང་སྲོད་ཆོས་ཀྱི་སྐབས་མཁན་རིན་པོ་ཆེ་ནས་ལམ་རིམ་བདེ་ལམ་གྱི་ཉམས་ཁྲིད་གནང་གི་ཡོད། དགོས་དོན་ཡང་སློབ་གཉེར་བ་ཚོས་གཞུ་ཆེན་ཁག་ལ་ཐོས་བསམ་གྱི་ཚེ་ཕྱི་ཤེས་བྱའི་རྣམ་གྲངས་བགྲང་བ། ཐོས་པ་ལྷུར་ལེན། རྩོད་པ་ལྷུར་ལེན་དུ་མ་སོང་བ།ནང་གི་སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་ཏེ་སྒྲུབ་པ་ལྷུར་ལེན་གྱི་ཐོས་བསམ་གནད་དུ་འགྲོ་བའི་ཆེད་དུ་ཡིན། དེ་ཡི་ཚུལ་ཡང་སྐུ་རིམ་ཚུགས་རྗེས་ཆབ་རིལ་ནས་མཁན་རིན་པོ་ཆེ་གདན་འདྲེན་ཞུ་དགོས། དེའི་སྐབས་གྲྭ་མང་གིས་སྐུ་རིམ་གྱི་སྒྲོལ་མ་འདོན་བཞིན་པའི་སྐབས་ ཡིན་པས་མགོ་བོ་དུད་ནས་བཞུགས་པ་ལས་ལངས་མི་དགོས། མཁན་རིན་པོ་ཆེ་བཞུགས་ཁྲིར་འཁོད། སྐུ་རིམ་གྱི་འདོན་པ་ཚར་བ་དང་མཁན་རིན་པོ་ཆེ་ནས་ལམ་རིམ་བདེ་ལམ་འགོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ། ས་བཅད་གང་ཞིག་གི་བར་དུ་དལ་བུར་ཐུགས་ཐོག་ནས་ཉམས་ཁྲིད་ཀྱི་ཚུལ་དུ་ལན་གསུམ་གྱི་བར་དུ་གསུང་དགོས། གྲྭ་མང་ནས་ཀྱང་མཁན་རིན་པོ་ཆེའི་གསུང་གི་ཚིག་རིམ་བཞིན་དུ་མོས་བསྒོམས་དང་བདུད་རྩི་འབེབས་སྦྱངས་བྱས་ཏེ་ས་བཅད་སོ་སོའི་སྐབས་ནས་བསྟན་པའི་ལམ་རྣམས་ལ་མཉམ་པར་བཞག་སྟེ་བཞུགས། བླ་མ་གཞུང་ལེན་པས་ཀྱང་། ལམ་རིམ་མཁན་རིན་པོ་ཆེའི་གསུངས་མཚམས་ཀྱི་བར་དུ་ལན་གཅིག་སྐྱོར་དགོས། མཁན་པོ་རིན་པོ་ཆེ་ནས་ཕེབས་ཤིག་གསུངས་ པ་དང་། བླ་སྤྲུལ་དགེ་བཤེས་རྣམས་ཀྱིས། མཁན་རིན་པོ་ཆེ་ལ་དབུ་གཏུགས་ཞུས་ཏེ་འཛིན་དང་པོ་བ་རྣམས་བླ་མ་གཞུང་ལེན་པའི་རྗེས་སུ་ཕེབས་ནས། ལོགས་སུ་དམ་བཅའི་གྲལ་ལྟར་ཚོགས་ཏེ་བླ་མ་གཞུང་ལེན་པས་སླར་ཡང་ལན་གསུམ་གྱི་བར་དུ་སྔར་ལྟར་སྐྱོར་གནང་དགོས། དེ་ནས་མཁན་རིན་པོ་ཆེ་ནས་འཛིན་གྲྭ་སོ་སོའི་གཞུང་ཚན་བརྩི་བཞག་གནང་ནས། འཛིན་གྲྭ་སོ་སོ་དམ་བཅའི་གྲལ་ལྟར་ཚོགས་ཏེ། དགེ་སྐོས་ནས་གཟན་བརྡ་གནང་རིམ་བཞིན་འཛིན་གྲྭའི་སྐྱོར་དཔོན་གྱིས་དབུ་སྐུལ་གནང་བའི་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་སོགས་དབྱངས་རྟ་སྙན་པོ་གཏོང་བཞིན་ཆོས་རའི་རྒྱལ་སྒོ་ནས་ཕྱིར་ཕེབས་ཏེ་གཡས་སྐོར་གྱིས་རང་རང་གི་ཤག་ཏུ་ཕེབས་ཆོག དེ་ཡང་དགོང་མོ་ཆུ་ཚོད་དང་པོ་ དང་གཉིས་པ་ཡན་མན་བར་དུ་འགོར་གྱི་ཡོད། དེ་ལྟ་བུའི་གལ་འགངས་ཆེ་བའི་འཆད་ཉན་གྱི་ཚུལ་འདི་ནི་ཇེ་རྒྱས་ཇེ་བཟང་དུ་བཏང་བ་ལས་ཅུང་ཟད་ཀྱང་ཉམས་པ་མེད་པ་མཛད་གལ་ཆེ་བའི་བྱེད་སྒོ་ཞིག་ཡིན།
སློབ་གཉེར་བ་ཚོས་གཞུང་ལུགས་ཆེན་མོ་གང་དང་གང་ལ་ཐོས་བསམ་བྱེད་པའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རྩ་བའི་བླ་མའི་བར་གདམས་པ་བར་མ་ཆད་པ། བྱིན་རླབས་ཀྱི་དྲོད་མ་ཡལ་བའི་ཆེད་རང་རང་གང་ལ་དད་པའི་མཚན་ལྡན་དགེ་བའི་བཤེས་གཉེན་གྱི་ཞབས་རྡུལ་གཙུག་ཏུ་བཀུར་ཏེ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ་དཔེ་ཁྲིད་ཞུས་ཏེ་ཇི་ལྟར་ཐོས་པའི་དོན་རྣམས་ཆོས་རའི་ནང་འཛིན་གྲྭ་གཅིག་པ་རྣམས་དང་ལྷན་དུ་རྒྱབ་རྟེན་གྱི་ལུང་དང་ཡང་དག་པའི་རིགས་པས་ལེགས་པར་གཏན་ལ་ཕབ་སྟེ་བསམ་པས་སྒྲོ་འདོགས་གཅོད་དགོས། དེ་ཡང་གཞུང་ཆེན་ཁག་གི་ཆེས་ཤིན་ཏུ་དཀའ་བའི་གནད་རྣམས་དང་། གཞུང་ཆེན་མོ་རྣམས་ཕན་ཚུན་ཚིག་ཟིན་མི་མཐུན་པ་དང་། མཛད་པ་པོ་གཅིག་གི་གསུང་ལ་ཡང་གོང་འོག་མི་མཐུན་པ་ལྟ་བུའི་སྣང་བ་བྱུང་བ་དང་དགོངས་པ་མཆོག་ཏུ་ཟབ་པ། དཀའ་སའི་ནང་ནས་ཆེས་དཀའ་བའི་གནད་རྣམས་དོགས་པའི་ཆ་ཕྲ་མོ་ཙམ་མ་ལུས་འབྱིན་པའི་ཕྱིར། ལོ་དེའི་དགེ་བཤེས་ལས་ཐོག་པ་རྣམས་ཀྱིས་འགན་ཁུར་རྐང་ལེན་གྱིས་གཞུང་ཆེན་སོ་སོའི་དཔེ་ཁྲིད་དུས་ཐོག་གང་ཡིན། དགེ་སྐོས་ལ་སྙན་གསེང་ཞུས་ཏེ་དགེ་སྐོས་ནས་གྲྭ་མང་ལ་བརྡ་ལན་གནང་ནས་སློབ་གཉེར་བ་ཚོས་ཀྱང་དོགས་གཅོད་གྲ་སྒྲིག་གནང་དགོས། དེ་ནས་གྲྭ་ཚང་འདི་ཉིད་ཀྱི་ཁོངས་སུ་ གཏོགས་པའི་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་རིན་པོ་ཆེ། ཤར་བྱང་གི་ཆོས་རྗེ་རྣམ་པ། མཁན་ལས་ཟུར། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་དང་བཅས་པ་རེ་རེའི་དྲུང་དུ་ཕུར་ཚུགས་གསོལ་འདེབས་ཀྱིས་གདན་དྲངས་ཏེ་རྒྱན་དྲུག་མཆོག་གཉིས་ལྷན་ཅིག་ཏུ་ཆོས་ཀྱི་དགའ་སྟོན་ལ་གདན་འཛོམས་པ་ལྟ་བུའི་དབུས་སུ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་། འཇམ་དཔལ་མཚན་བརྗོད་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་ཚིག་མཚམས་སུ་བཞག་ནས་གྲྭ་མང་ནས་དོགས་གཅོད་ཞུ་དགོས། དོགས་གཅོད་ཞུ་བ་པོས་དོགས་པ་ཞུ་སའི་གཞུང་དེའི་ཤོག་གྲངས་དང་བཅས་པ། ལུང་གང་ཞིག་དང་། དེ་དང་འགལ་བའི་ལུང་དེ་དྲངས་ནས་དོགས་པ་ཞུས་པ་དང་། ལུང་གང་ཞིག་གི་དགོངས་པ་གཞིར་བཞག་ཚེ་རིགས་པ་འདི་དང་འགལ་ཞེས་དོགས་གཅོད་ཞུ་དགོས་ཤིང་། མཁས་པའི་དབང་པོ་རྣམས་ཀྱིས་དོགས་གཅོད་ དྲི་བ་ལ་ལན་འདེབས་གནང་དགོས། དོགས་གཅོད་ཞུ་བ་པོ་ས་ལན་ལ་དྲི་མ་མེད་པའི་རིགས་ལམ་གྱིས་བརྒལ་བརྟག་དཔྱིས་ཕྱིན་པར་བྱ་དགོས། ཡང་མཁས་དབང་གཞན་དང་གཞན་གྱིས་གསུང་ལན་འདེབས་གནང་བས་དོགས་པའི་གནས་ཆ་ཕྲ་མོ་ཙམ་མ་ལུས་པ་སུན་འབྱིན་པ་དང་། གཞུང་གང་དང་གང་ཡིན་གྱི་དོགས་པ་ཟབ་ཅིང་ཕྲ་བ་རྣམས་ལག་མཐིལ་དུ་སྐྱུ་རུ་ར་བཞིན་གསལ་བར་མཛད་པས་བློ་གསལ་གླིང་གི་འཛིན་དང་པོ་ལ་རྣམ་མཁྱེན་ཡོད་ཅེས་བཤད་སྲོལ་ཡང་དེ་ལ་བརྟེན་ནས་བྱུང་བ་ཡིན། ཡང་དོགས་པ་ཞུ་སའི་གཞུང་ལ་ཡིག་ནོར་ལྟ་བུ་ཞིག་ཡོད་ཚེ་གཞི་བཅལ་སའི་མ་ཕྱི་དག་པ་ཞིག་མེད་ཚེ། ཁ་རྒྱུན་ལ་ཡོད་པར་བྱས་ཤིང་ལག་པ་རིང་མི་ཆོག་ཅེས་པའི་ཚོགས་གཏམ་གྱི་རྒྱུན་ཡོད། དོགས་གཅོད་ཀྱི་གཞུང་། རྣམ་འགྲེལ་དགོངས་པ་རབ་གསལ། དབུ་མའི་ཡིག་ཆ་སྤྱི་མཐའ་དཔྱོད། ཕར་ཕྱིན་ཡིག་ཆ་སྤྱི་མཐའ་དཔྱོད། འདུལ་བའི་མཐའ་དཔྱོད། མཛོད་ཤེས་བྱ་རབ་གསལ་གཞིར་བཞག་དགོས་ཤིང་། ལེགས་བཤད་སྙིང་པོའི་དོགས་གཅོད་ཉི་མ་གཅིག་དང་། ཕར་ཕྱིན། དབུ་མ། རྣམ་འགྲེལ་བཅས་ནི་ཉི་མ་གཉིས་རེ་དང་། འདུལ་མཛོད་དོགས་དཔྱོད་ནི། འདུལ་མཛོད་གཉིས་ཀྱི་ཚོགས་ལངས་དམ་བཅའ་གྲྭ་ཚང་དུ་བཞག་ཟིན་པའི་ཉིན་གཉིས་པར་མུ་བཞི་ཆེན་མོ་རྩིས་སྤྲོད་དང་དེའི་ཕྱི་ཉིན་དོགས་གཅོད་ཚོགས་དགོས།
In order to preserve and promote the great traditions of the past, and also to fulfill the wishes of His Holiness the Dalai Lama to improve the standard of education in the monasteries, the responsible officials of Loseling College requested …
རྒྱུགས་སྤྲོད་ཀྱི་རིམ་པ། རྟགས་རིགས་དང་། ཕར་ཕྱིན། དབུ་མ། འདུལ་བ། མཛོད་བཅས་གཞུང་ཚན་མི་འདྲ་བ་ཁག་ལྔའི་ཐོག་ནས་གནང་དགོས་ཤིང་རྟགས་རིགས་འཛིན་གྲྭའི་རྒྱུགས་སྤྲོད་དུས་ཡུན་ལོ་གཅིག ཕར་ཕྱིན་ལོ་བདུན། དབུ་མ་ལོ་གསུམ། འདུལ་བ་ལོ་གསུམ། མཛོད་ལོ་གཉིས་བཅས་ཡིན།༢༽ རྒྱུགས་སྤྲོད་ཀྱི་རྣམ་གྲངས་དང་ཨང་ཐོབ། རྟགས་རིགས་འཛིན་གྲྭའི་ལོ་གཅིག་གི་རྒྱུགས་སྤྲོད་སྐབས། རྩོད་རྒྱུགས་སྐྱོར་རྒྱུགས་ལ་༧༥ བྲིས་རྒྱུགས་ལ་༥༠ ཡིན། ཕར་ཕྱིན་འཛིན་རིམ་ཁག་གི་ལོ་བདུན་གྱི་རྒྱུགས་སྤྲོད་རིང་། རྩོད་རྒྱུགས་ཨང་ཐོབ་ ༡༥༠ དང་། སྐྱོར་རྒྱུགས་ཨང་ཐོབ་༡༠༠ ཀ་སྡེའི་སློབ་ཚན་གྱི་བྲིས་རྒྱུགས་ལ་ ༥༠ ཁ་སྡེའི་སློབ་ཚན་བྲིས་རྒྱུགས་ལ་ ༥༠ བཅས་ཡིན། དབུ་མ་འཛིན་རིམ་ཁག་གི་ལོ་གསུམ་གྱི་རྒྱུགས་སྤྲོད་དང་་། འདུལ་བ་འཛིན་རིམ་གྱི་ལོ་གསུམ་མཛོད་འཛིན་གྲྭའི་ལོ་གཉིས་ཀྱི་རྒྱུགས་སྤྲོད་སྐབས་ཁ་སྡེའི་སློབ་ཚན་བྲིས་རྒྱུ། ། མེད་པ་མ་གཏོགས་རྩོད་སྐྱོར་བྲིས་གསུམ་གྱི་ཨང་ཐོབ་ཕར་ཕྱིན་དང་མཚུངས་པ་ཡིན།༣༽ རྒྱུགས་ཁོངས་སུ་ཞུགས་ཕྱོགས། རྟགས་རིགས་འཛིན་གྲྭ་ནས་འདུལ་བ་འཛིན་རིམ་གསུམ་པའི་བར་གྱི་འཛིན་གྲྭ་ཅི་རིགས་ཤིག་ཏུ་གཏོགས་པའི་གྲྭ་ཚང་གི་སློབ་གཉེར་བ་སུ་ཡིན་རུང་ལས་བྱེད་དུ་འཛུལ་ན་མ་གཏོགས་རྒྱུགས་སྤྲོད་དུ་ངེས་པར་ཞུགས་དགོས། ལོ་གཅིག་ནང་འཛིན་རིམ་གཉིས་རེར་ལོ་འཁོར་རྒྱུགས་སྤྲོད་གཏོང་འཕེར་ངེས་ཅན་གྱི་བླ་སྤྲུལ་ཁག་ལ་ཡོངས་འཛིན་དང་མཁན་པོས་ཞིབ་གཟིགས་ཀྱིས་བཀའ་འཁྲོལ་གནང་ཆོག་པ་ལས་གཞན་གྲྭ་བ་དཀྱུས་མ་ཚོས་ལོ་རེར་འཛིན་རིམ་གཅིག་གི་ལོ་འཁོར་རྒྱུགས་སྤྲོད་མ་གཏོག་གཏོང་མི་ཆོག གཞན་ཡང་སློབ་གཉེར་བའི་ཁྲོད་ནད་མནར་གྱིས་ནད་དགོངས་ཚད་ལྡན་ཡོད་རིགས་དང་རྩ་བའི་འཛིན་གྲྭའི་ལོ་འཁོར་རྒྱུགས་སྤྲོད་མ་འཕྲོད་པ། འགྲིག་རྟགས་མ་ལོན་པ་སོགས་ཀྱིས་རྗེས་ལོར་གཉིས་རྒྱུགས་འབུལ་ཐུབ་ཚེ་རྩ་བའི་འཛིན་གྲྭའི་མིང་མཚམས་སུ་འཕོ་འཐུས། སློབ་གཉེར་གྱི་སྡེ་ཁག་གཞན་ནས་ཐོན་པའི་སློབ་གཉེར་བ་གྲྭ་ཚང་དུ་འཛུལ་སྐབས་མཁན་རིན་པོ་ཆེས་ངོས་ལེན་གནང་ཚེ་དམིགས་བསལ་གྱིས་གཞུང་གསར་འཛིན་གྲྭར་འཕར་ཆོག་པ་བཅས་ཡིན།༤༽ རྒྱུགས་ཁོངས་སུ་ཞུགས་ཆོག་པའི་འོས་ཆོས། གྲྭ་ཚང་སྒྲིག་ཁོངས་ཀྱི་སློབ་གཉེར་བ་ཡིན་པ་དང་། ལོ་གཅིག་གི་ཆོས་གྲྭའི་ཚོགས་ཐེངས་རྩ་འབོར་གྱི་བརྒྱ་ཆ་བདུན་ཅུ་དོན་ལྔ་ལས་མ་ཉུང་བ་ཆོས་འགྲིམས་བྱས་ཡོད་པ། རྒྱུགས་ལོ་དེའི་སློབ་ཚན་ཡོངས་རྫོགས་དགེ་རྒན་གྱི་མདུན་ནས་དཔེ་ཁྲིད་བྱས་ཟིན་པ། འཛིན་གྲྭ་གཅིག་ཏུ་ལོ་གསུམ་རིང་རྒྱུགས་མ་འཕྲོད་པ་མ་ཡིན་པ། ཐོག་མར་རྟགས་རིགས་འཛིན་གྲྭའི་རྒྱུགས་ཁོངས་སུ་ཞུགས་པ་ལ་མཁན་པོས་རྩོད་རྒྱུགས་བཞེས་ཏེ རྒྱུགས་ཁོངས་སུ་ཞུགས་འོས་བཀའ་འཁྲོལ་ཐོབ་པ་ཞིག་དགོས་པ་བཅས་ཡིན།༥༽ རྒྱུགས་འཕྲོད་པའི་མཚམས།ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་འཕྲོད་པ་ལ་རྩོད་སྐྱོར་བྲིས་གསུམ་གྱི་ཨང་ཐོབ་བརྒྱ་ཆ་སོ་གསུམ་ཡན་ལོན་པ་ཞིག་ངེས་པར་དགོས། …
གྲྭ་ཚོང་གི་འདོན་རྟ་དབྱངས་ཀྱི་ཁོངས་སུ་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་ཁག་གི་རྟ་ཆེན་བར་རྟའི་རིགས་དང་། གྲྭ་ཚང་གི་གཏོར་འབུལ་རྟ་ཆེན། ཚོགས་ཆེན་གྱི་གཏོར་འབུལ་རྟ་ཆེན། བླ་མ་མཆོད་པའི་ཚོགས་རྟ་རྒྱས་པ་སོགས་དང་། གཞན་ཉིན་ཆོས་དང་། སྐུ་རིམ། གྲྭ་ཇ་བཅས་ཀྱི་སྐབས་གསུང་དགོས་པའི་ཚོགས་འདོན་རིགས་འདུས་ཡོད།དེ་དག་མི་ཉམས་གོང་འཕེལ་ཆེད་གནའ་སྔ་མོར་དབྱར་གྱི་ཆོས་མཚམས་ཆེན་མོའི་སྐབས་དབྱངས་སྦྱོང་ཚོགས་ཀྱི་ཡོད་ནའང་། དེང་སྐབས་ཆོས་མཚམས་ཆེན་མོའི་སྐབས་ལོ་འཁོར་རྒྱུགས་སྤྲོད་འཁེལ་པས་དབྱངས་སྦྱངས་དེ་བཞིན་སྟོན་ཆོས་ཆེན་མོའི་ནང་ཚོགས་ཀྱི་ཡོད། དབྱངས་སྦྱངས་སམ་རྟ་སྦྱངས་འཚོགས་ཚུལ་ནི། འདོན་བཟང་སྐད་བཟང་གི་གཉེར་པ་གཉིས་ཀྱིས་དབུ་མཛད་དང་གོ་བསྡུར་གྱིས་དབྱངས་སྦྱོང་འཚོགས་གནང་རིང་གྲྭ་ཇ་སོགས་ཚོགས་ཡོད་རིགས་ཕྱིར་འཐེན་ཡོང་བ་ཞེས་ཕྱག་མཛོད་ལ་ཞུ་དགོས་པ་མ་ཟད། དགེ་བསྐོས་ལགས་ལ་ཡང་དེ་མཚུངས་དགོངས་པ་ཞུ་བ་ཡིན། དབྱངས་སྦྱོང་དངོས་གཞིའི་སྐབས་ཞོགས་ཀ་ནམ་རྒྱུན་གྲྭ་ཇའི་རྣམ་པའི་ཐོག་ནས་ཆོས་སྤྱོད་ཁག་གི་རྟ་ཆེན་དང་བར་རྟ་འཐེན་པ་དང་། ཞོགས་ཚོགས་གྲོལ་རྗེས་སྐད་བཟང་བ་དང་འདོན་བཟང་བ་འཛིན་གྲྭ་རྒན་གཞོན་བཞིན་བཞུགས་ཏེ། སྔ་དྲོ་དང་ཉིན་གུང་ཚོགས་ཐེངས་རེའི་སྐབས་འདོན་བཟང་སྐད་བཟང་གསར་པ་རྣམས་ཀྱིས་རྒན་པ་རྣམས་ཀྱི་དྲུང་དུ་འདོན་པ་འདོན་ཚུལ་དང་དབྱངས་རྟན་སྟངས་སྦྱོང་དགོས། དགོང་མོ་ཆུ་ཚོད་བདུན་པར་ཉིན་རེ་བཞིན་སྐུ་རིམ་དུ། འདོན་རྟ་དབྱངས་རེས་མོས་དང་། ཉིན་གཅིག་གྲྭ་ཚང་གི་གཏོར་འབུལ་རྟ་ཆེན། ཉིན་གཅིག་ཚོགས་ཆེན་གྱི་གཏོར་འབུལ་རྟ་ཆེན། མཆོད་འབུལ་གྱི་དགོང་མོར་བླ་མ་མཆོད་པའི་ཚོགས་རྟ་རྒྱས་པ་གཏོང་དགོས་པ་མ་གཏོགས་གཞན་ཞལ་འདོན་ ཚར་ནས་གསར་ཞུགས་རྣམས་ལ་ཉིན་མོ་གང་སྦྱངས་པ་དེ་རྒྱུགས་བཞེས་གནང་དགོས་པ་བཅས་ཡིན།
On the sixteenth day of the sixth month of the Tibetan calendar, all the Loseling monks gathers in their assembly hall and they take the Summer Retreat vows to sharpen their three wisdoms and on the fifteenth of the Seventh …
ཚོགས་ལངས་ཞེས་པ་ནི་རྒོལ་སྔ་ཕྱི་གཉིས་ཀྱི་གཞུང་ལུགས་ཆེན་མོའི་དོན་ལ་བརྒལ་ལན་བགྱི་ཚུལ་བྱེ་བྲག་པ་ཞིག་སྟེ་མཁས་མང་འདུས་པ་རྒྱ་མཚོས་ཚོགས་འཚོགས་པའི་དབུས་སུ་རིགས་ལམ་ལ་པ་རྒོལ་སྔ་ཕྱི་གཉིས་ཀྱི་ཆོས་ཀྱི་བརྒལ་བརྟག་གི་རིམ་པ་ཞིག་ཡིན། དེ་ཡང་རྗེ་བདག་ཉིས་ཆེན་པོས་མཁས་གྲུབ་ཐམས་ཅད་མཁྱེན་པ་དང། རྗེད་འཇམ་དབྱངས་ཆོས་རྗེ་གཉིས་ཕར་ཕྱིན་སྐབས་བཞི་པའི་ཚོགས་ལངས་བཞེངས་བཅུག་གནང་མཛད་པ་དང་། མཁས་གྲུབ་ཐམས་ཅད་མཁྱེན་པ་དང་བྱམས་ཆེན་ཆོས་རྗེ་གཉིས་ཚོགས་ལངས་བཞེངས་བཅུག་གནང་་མཛད་སྐབས་སུ། རྟགས་རྟེན་འབྲེལ་ཇི་ལྟར་བྱུང་ཚུལ། ཚོགས་ལངས་ཀྱི་རྟགས་བསལ་བཏང་ཚུལ་ཇི་ལྟར་བྱུང་བ་ལྟར་སེར་འབྲས་གཉིས་སུ་ཚོགས་ལངས་ཀྱི་སྐབས་ཚུལ་ཅུང་ཟད་མི་འདྲ་བ་ལས་སྤྱིར་གལ་ཆེ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་པས་ཞྭ་སེར་རིང་ལུགས་པའི་དགོན་སྡེ་ཕལ་ཆེ་བ་ལ་ཡོད་པ་སྤྱིར་མཚུངས་ཡིན། གྲྭ་ཚང་འདི་ཉིད་ཀྱི་ཚོགས་ལངས་ཀྱི་རིམ་པ་ནི་འདི་ལྟར་ཏེ། སྨོན་ལམ་ཆེན་མོ་གྲོལ་ནས་ཚོགས་ལངས་བཞེངས་མཁན་རྣམས་བླ་མ་གཞུང་ལེན་པའི་སར་དམ་བཅའ་ཞུ་དགོས། དེ་ནི་སུ་ལ་གནང་མི་གནང་ནི་བླ་མ་གཞུང་ལེན་པ་རང་ཉིད་ལ་དབང་ཆ་ཆ་ཚང་ཡོད། བླ་སྤྲུལ་དང་དམིགས་བསལ་ཚོགས་ལངས་གནང་དགོས་ཀྱི་རིགས་འོས་བབ་དང་བསྟུན་ནས་གནང་ཆོག་པ་ཡིན། དེ་མིན་དམ་བཅའ་ཞུ་མཁན་རྣམས་རྒྱན་བརྒྱབ་ནས་ཚོགས་ལངས་དངོས་གཞི་་དང་། རོགས་པ་བཅས་ནས་དཔྱིད་ཆོས་དང་པོའི་སྐབས་ནས་རེས་གཟའ་ཉི་མའི་ཁམས་ཚན་དམ་བཅའ་རིམ་པས་བསྐོར་དགོས། སྟོང་ཉིད་ཆོས་རའི་སྐབས་གྲྭ་ཚང་གི་ཆོས་རྭའི་འདུ་ཁང་དུ་འདུས་མང་དབུས་སུ་དམ་བཅའ་བཞག་ནས་གཞུང་གང་གི་ཚོགས་ལངས་ཡིན་པ་དེའི་འཛིན་གྲྭ་དེས་རྟགས་བསལ་གཏོང་དགོས། དེ་བཞིན་དུ་དབྱར་ཆོས་སུ་འབྲས་སྤུངས་ཚོགས་ཆེན་རྡོ་གཅལ་དུ་བློ་གསལ་གླིང་ཚོགས་ལངས་དམ་བཅའ་ལ་སྒོ་མང་ནས་རྟགས་བསལ་གཏོང་དགོས། སྒོ་མང་གི་ཚོགས་ལངས་དམ་བཅའ་ལ་བློ་གསལ་གླིང་གིས་རྟགས་བསལ་གཏོང་དགོས། ཁྱད་པར་དུ་འདུལ་མཛོད་གཉིས་གྲྭ་ཚང་དུ་དམ་བཅའ་སྐབས་མུ་བཞི་ཆེན་མོ་ཟླ་ཤེས་སྔོན་ནས་གྲ་སྒྲིག་བྱས་ཏེ་ཡིག་ཐོག་ཏུ་བཀོད་དགོས། ཆོས་རྭའི་ནང་ཚོགས་ལངས་དམ་བཅའ་ལ་མུ་བཞི་བརྩིར་བཅུག དེའི་ཕྱི་ཉིན་མཁས་མང་བློ་གསལ་བྱེ་བའི་གླིང་གི་འཛིན་དང་པོའི་སར་མུ་བཞི་རྩིས་སྤྲོད་གནང་ནས་ཞིབ་གཤེར་ནན་པོ་བྱས་ཏེ་དབྱར་ཆོས་སྐབས་ཚོགས་ཆེན་དུ་སྒོ་མང་གི་ཚོགས་ལངས་ལ་ཡང་མུ་བཞི་ཆེན་མོ་སྒྲིག་དགོས། སླར་ཡང་ཕྱི་ཉིན་སྒོ་མང་ནས་བློ་གསལ་གླིང་གི་ཚོགས་ལངས་ལ་མུ་བཞི་ཞིག་གཏོང་དགོས། དེ་ནི་འདུལ་མཛོད་གཉིས་ཀ་གཅིག་མཚུངས་ཡིན། བོད་ཟླ་བདུན་པའི་ཚེས་གཅིག་ནས་རིགས་གྲྭ་ཚོགས་ལངས་དངོས་གཞི་དབུ་འཛུགས་དགོས། དང་པོ་ཆོས་འཁོར་ཚོགས་ལངས་དང་། ཚེས་གཉིས་ལ་དགེ་འདུན་ཉི་ཤུ། ཚེས་བརྒྱད་ལ་སྐབས་བཞི་པའི་ཚོགས་ལངས་ཡིན། དེ་ཡང་རྗེ་བདག་ཉིད་ཆེན་པོས་དུས་བཟང་འདི་ཉིད་དུ་མཁས་གྲུབ་རྗེ་དང་རྗེ་འཇམ་དབྱངས་ཆོས་རྗེ་གཉིས་སྐབས་བཞི་པའི་ཚོགས་ལངས་བཞེངས་བཅུག་སྐབས་ལུང་རིགས་ཀྱི་བརྒལ་བརྟག་གིས་མཁས་རྒུའི་ཡིད་ཀྱི་བརྟན་པ་འཕྲོག་པ་དང་། དབུ་ཞྭ་ཕར་ཚུར་གཡུགས་དུས་ཀ་བ་ལ་ཐོགས་རེག་མེད་པ་སོགས་མངོན་པར་རྟོགས་པའི་ཡོན་ཏན་བླ་ན་མཐོ་བའི་རང་རྟགས་ངོ་མཚར་བ་དུ་མས་འདུས་ཚོགས་རྣམས་དད་པའི་ས་ལ་འགོད་པ་དང་། རྗེ་འཇམ་དབྱངས་ཆོས་རྗེའི་དྲུང་དུ་ཀླུ་འབུམ་ཕྲག་གཅིག་གིས་མཇལ་བཅར་ཞུས་པར་བརྟེན། འབྲས་སྤུངས་ཀླུ་འབུམ་དུས་ཆེན་ཞེས་ཡོངས་སུ་གྲགས་པ་འདི་ཉིད་བྱུང་བ་ཡིན། ཚེས་བཅོ་ལྔའི་སེམས་བསྐྱེད་ཚོགས་ལངས་ངེས་པ་ཡིན། གཞན་རྣམས་ངེས་པ་མེད། ཚོགས་ལངས་གུང་ཚིགས་མང་ཇ་ལ་བཞེངས་རྒྱུ་དང་། དེ་ཡང་བླ་མ་གཞུང་ལེན་པས་རབ་འབྱམས་པ་ཞེས་ཆེད་བརྗོད་དང་འབྲེལ་ཚོགས་ལངས་བ་གཉིས་ཀྱི་མཚན་ནས་སྨོས་ཏེ་རིགས་ལམ་ལ་བཞེངས་པར་མཛོད་ཅེས་བརྡ་གནང་བ་དང་། ཚོགས་ལངས་བ་གཉིས། ཞྭ་སེར་བསྣམས་ཏེ་གདོང་གྲལ་གྱི་མཐར་ཕེབས་ནས་ཕྱག་འཚལ་ཏེ་སྨོན་ལམ་མཚམས་སྦྱོར་དང་འབྲེལ་བའི་རྟེན་གཙོ་ཁག་ལ་སྙན་ཤལ་ཕུལ་ཏེ་མཆོད་མཇལ་ཞུས་རྗེས། བླ་མ་གཞུང་ལེན་པའི་མདུན་དུ་འཕྲོས་གཞུང་གསན་དགོས། བླ་མ་གཞུང་ལེན་པའི་འཕྲོས་གཞུང་ཟིན་ པ་དང་། ཚོགས་ལངས་གཞོན་པ་གཡོན་གྲལ་དུ་ཕེབས། ཚོགས་ལངས་བ་རྒན་པས་བླ་མ་གཞུང་ལེན་པ་ལ་འཕྲོས་གཞུང་ཕུལ་ནས་གདོང་གྲལ་གྱི་དཀྱིལ་དུ་བཞེངས་ཏེ། དབྱངས་རྟ་སྙན་པོའི་ངང་མཆོད་བརྗོད་དང་གཞུང་བཤད་གནང་རྗེས། …