དགེ་འདུན་པ་མང་ཆེ་བ་རྣམ་ཀུན་སྔ་དྲོ་ཐོ་རངས་སྟག་གི་དུས་སམ་ཆུ་ཚོད་ལྔ་པ་ཙམ་ནས་ཡར་བཞེངས་ཏེ་ཁྲུས་ཀྱི་བྱ་བ་ཟིན་པ་དང་། སྐྱབས་སེམས་ཁྱད་པར་ཅན་སྔོན་དུ་བཏང་སྟེ་གང་བློ་མ་བཏོན་ནས་ཨ་ར་པ་ཙ་བརྒྱ་སྟོང་སོགས་སུ་བཟླས་བརྗོད་བྱས་ཏེ་ཤེས་རབ་བློ་འཕེལ་གྱི་སྒོམ་བཟླས་ཀྱི་རྣལ་འབྱོར་ལ་བརྩོན་ཞིང་བློ་འཛིན་གནང་གི་ཡོད།གྲྭ་ཇ་དང་མང་ཇ་སོགས་ཞོགས་ཚོགས་གྲོལ་བ་དང་། བློ་འཛིན་དང་། སྐྱོར་སྦྱང་། དཔེ་ཆ་ཀློག་པ་སོགས་ཅི་རིགས་ལ་བརྩོན་དགོས། ཆུ་ཚོད་བརྒྱད་པ་ནས་དགུ་པའི་བར་དཔེ་ཁྲིད་ཡོད་ན། རྒན་སར་དཔེ་ཁྲིད་དང་མེད་ན་ཉིན་ཆོས་སུ་རྩོད་རྒྱུའི་རྟགས་བསལ་གྲ་སྒྲིག་ཆེད་དཔེ་ཆ་ཀློག་གི་ཡོད། ཆུ་ཚོད་དགུ་པའི་ཐོག་ཉིན་ཆོས་སུ་འགྲོ་སྟེ། ཆུ་ཚོད་བཅུ་གཅིག་དང་ཕྱེད་བར་རྩོད་པ་རྩོད་དགོས། དེ་ནས་བཞེས་ལག་དང་། ཆུ་ཚོད་བཅུ་གཉིས་དང་ཕྱེད་ཙམ་ནས་གཉིས་པའི་བར་གསར་བུ་བ་ཚོས་བྲིས་གཟུགས་སྦྱོང་པ་དང་སུམ་རྟགས་སྙན་ངག་རྒྱལ་རབས་ཆོས་འབྱུང་སོགས་ཞར་བྱུང་སློབ་ཚན་ཁག་སྦྱོང་གི་ཡོད། ཆུ་ཚོད་གཉིས་པ་ནས། ཆུ་ཚོད་ལྔ་པའི་བར་གཙོ་བོ་དཔེ་ཁྲིད་དང་ཡང་ན་དཔེ་ཆ་ཀློག་པ་གཙོ་བོ་གནང་གི་ཡོད། ཆུ་ཚོད་ལྔ་པའི་ཐོག་བཞེས་ལག་དང་། ཆུ་ཚོད་དྲུག་དང་བདུན་པའི་བར་དཔེ་ཁྲིད་དང་། དཔེ་ཁྲིད་མེད་ན་དཔེ་ཆ་སྐྱོར་སྦྱངས་གནང་དགོས། ཆུ་ཚོད་བདུན་པར་སྐུ་རིམ་ཚོགས་ཏེ་ཆུ་ཚོད་དགུ་བའི་བར་སྐུ་རིམ་གྱི་ཞལ་འདོན་དང་། དགུ་པ་ནས་ཆུ་ཚོད་བཅུ་གཅིག་བར་རྩོད་པ་ལ་ངེས་པར་སྡོད་དགོས་ཤིང་། ཆུ་ཚོད་བཅུ་གཅིག་ཡོལ་ནས་རང་རང་གི་འདོད་མོས་ཀྱིས་ཇི་ཙམ་སྡོད་ཀྱང་རང་མོས་ཡིན། རྩོད་ཤུགས་ ཆེ་བ་དག་ཆུ་ཚོད་གཉིས་པ་ཙམ་དུ་བཞུགས་ནས་རྩོད་པ་རྩོད་མཁན་ཡང་ཡོད། སྐུ་རིམ་མེད་ན་ཆུ་ཚོད་བདུན་པ་ནས་བཅུ་གཅིག་གི་བར་སྐྱོར་སྦྱངས་གནང་གི་ཡོད། དེ་ལྟར་ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བར་མཛད་དེ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡར་ངོའི་ཟླ་ལྟར་སྤེལ་བར་མཛད་པ་བཅས་སོ།།
དཔྱིད་ཆོས་སུ་འཛིན་གྲྭ་འཐབ་ཟིན་ནས་དགེ་སྐོས་ལགས་སུ་དགོངས་པ་ཞུས་ཏེ་དུས་ངེས་གཏན་ཞིག་ལ་ཚོགས་དགོས། དེ་ཡང་། ཕར་ཕྱིན་སེམས་བསྐྱེད་ཚོགས་སྐབས་འབྲས་སྤུངས་ཚོགས་ཆེན་གྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་གྱི་འདོན་རྟ་དབྱངས་སོགས་དང་། ཚོགས་ལངས་བཞེངས་ཚུལ་སོགས་ཇི་མ་ཇི་བཞིན་དང་། དབུ་མ་སེམས་བསྐྱེད་ཚོགས་སྟངས་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་འདོན་རྟ་དབྱངས་དང་བྱེད་སྒོ་ཁག་ཇི་ལྟ་བ་བཞིན་དུ་དགོས་པས་སྔོན་ནས་གྲྭ་པ་རྒན་པ་རྒྱུས་མངའ་ཡོད་པ་གདན་དྲངས་ནས་ཚོགས་འཚོགས་སྟངས་འདོན་རྟ་དབྱངས་སོགས་ལེགས་པར་སྦྱོང་ཏེ་གྲ་སྒྲིག་དགོས། དངོས་གཞི་ཚོགས་སྐབས་ཉིན་ལྟར་དགུང་ཚིགས་མང་ཇ་ལ་ཚོགས་ལངས་དང་། དགོང་མོ་དམ་བཅའ། དེ་ཡང་ཕར་ཕྱིན་སེམས་བསྐྱེད་འཛིན་གྲྭ་ཚོགས་ཆེན་རྡོ་གཅལ་སྟེང་དེ་ལྟར་ཡིན་ཞེས་རྒན་རབས་རྣམས་ཀྱི་གསུང་ལས་ཐོས། འཛིན་གྲྭ་ཚོགས་སྐབས་འཛིན་གྲྭའི་སྐྱོར་དཔོན་དེ་དགེ་སྐོས་ལངས་དགོས། མིང་གཉིས་པ་བླ་མ་གཞུང་ལེན་པ་གནང་དགོས། དེ་ཡང་ཚོགས་ཆེན་དང་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་འདོན་རྟ་དབྱངས་ཚོགས་འཚོགས་སྟངས། ཚོགས་ལངས་བཞེངས་ཚུལ་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་ཇི་མ་ཇི་བཞིན་ཡོང་དགོས་པས། སྐྱབས་རྗེ་མཁན་རིན་པོ་ཆེ་དང་། དབུ་ཆོས་གསུམ། དཔེ་ཁྲིད་རྒན་རྣམས་གདན་དྲངས་ཏེ་རྒྱུགས་སྤྲོད་ཀྱི་དོད་དུ་གང་རྒྱས་ཤིག་ཚོགས་དགོས་པ་བཅས་སོ། །
སྤྱི་ལོ་ ༡༩༧༣ ལོར་གྲྭ་ཚང་འདིའི་ནང་གསར་ཞུགས་ཕྲུ་གུ་རྣམས་ཡི་གེ་འབྲི་ཀློག་གི་རྨང་གཞི་བརྟན་པོ་ཡོང་བའི་ཆེད་སློབ་གྲྭ་གསར་འཛུགས་ཀྱིས་ཀ་ཁ་ནས་སྦྱོར་ཀློག་དང་བློ་འཛིན། དབྱིན་ཡིག དེ་བཞིན་སྦྱང་ཤིང་ཐོག་དབུ་ཆེན་དང་དབུ་མེད་བཅས་ཡིག་གཟུགས་སྦྱོང་འགོ་ཚུགས་ཏེ། རིམ་གྱིས་གསར་ཞུགས་གྲྭ་རྒྱུན་ཇེ་མང་དུ་གྱུར་པར་བརྟེན་སློབ་གྲྭའི་རྨང་གཞི་ཇི་ཟབ་ཏུ་བཏང་སྟེ་སློབ་ཁང་གསར་རྒྱག་དང་། བོད་ཡིག་སྙན་སུམ་དང་། དབྱིན་ཇིའི་སྐད་ཡིག ཨང་རྩིས་སོགས་ཀྱི་སློབ་ཚན་ཡོད་པའི་འཛིན་གྲྭ་བརྒྱད་པའི་བར་ཚུགས་མ་ཟད། རིམ་གྱིས་སློབ་སྦྱོང་གི་ཆུ་ཚད་ཇེ་མཐོར་བཏང་ནས་ཕྱི་ལོ་༡༩༩༥ལ་སློབ་གྲྭ་གསར་པའི་བསྟི་གནས་གསར་བསྐྲུན་ཐོག་རྒྱ་གར་གཞུང་དང་དེབ་སྐྱེལ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཉི་མ། བྱང་རྩེ་ཆོས་ཆོས་རྗེ་རི་རྫོང་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་མང་པོ་ལྷན་འཛོམས་ཀྱིས་སྒོ་འབྱེད་གནང་བ་དང་། ནང་དོན་རིག་པའི་གཞུང་ལུགས་དང་ཕྱི་ནང་གི་སྐད་ཡིག་སོགས་གཞི་རྩ་དང་དམིགས་ཡུལ་ལྡན་པའི་སློབ་ཚན་གཏན་འབེབས་ཐོག་ འཛིན་གྲྭ་བཅུ་པའི་བར་དུ་འཕར་ནས་ཐ་སྙད་རིག་པའི་ཐོག་རང་རྐྱ་འཕེར་བའི་སློབ་ཐོན་རབ་དང་རིམ་པ་བྱུང་དང་འབྱུང་བཞིན་པ་མ་ཟད། ཕྱི་ལོ་ ༡༩༩༨ ལོར་བོད་ཀྱི་རྩོམ་རིག་ཐོག་སྒྱུ་རྩལ་ལྡན་པའི་དུས་དེབ་གངས་སུལ་རོལ་དབྱངས་ཞེས་པ་འཛིན་གྲྭ་བཅུ་པའི་སློབ་མ་ཚོས་འདོན་འགོ་ཚུགས་པ་ནས་མུ་མཐུད་དེ། འདོན་ཐེངས་དགུ་བར་འགྲེམས་སྤེལ་ཟིན་པ་དང་། ད་དུང་མུ་མཐུད་དེ་གདོན་འཆར་ཡོད་པ་དང་། རིག་གཞུང་གི་རྨང་གཞི་འབུར་དུ་ཐོན་པའི་ཆེ་བ་མཐོང་ཆོས་སུ་ཡོད་པ་འདི་ཉིད་དོ།། སློབ་གྲྭ་འདི་ཡི་ནང་། བོད་པ་ཙམ་དུ་མ་ཟད། ལ་དྭགས། ཁུ་ནུ། མོན་པ། འབྲས་ལྗོངས། འབྲུག་པ། བལ་ཡུལ་སོགས་རྒྱལ་ཁབ་གཞན་གྱི་ཕྲུ་གུ་ལ་ཡང་ཐོབ་ཐང་གཅིག་མཚུངས་ཀྱིས་འཛུལ་ཞུགས་ཆོག་པ་ལགས།
བློ་གསལ་གླིང་གི་མཁན་ཐོག་བདུན་པ་ཀུན་མཁྱེན་ལེགས་པ་ཆོས་འབྱོར་རམ། འཇམ་དབྱངས་དགའ་བའི་བློ་གྲོས་ཞེས་པ་མཁྱེན་རབ་ནམ་མཁའ་ལྟར་ཡངས་པ་དེ་ཉིད་ཀྱིས་གཞུང་ཆེན་ཁག་གི་དགོངས་པ་འགྲེལ་བའི་ཊིཀྐ་དང་། ལོག་པར་སྨྲ་བ་རྣམས་ཚར་བཅད་པའི་བརྩམས་ཆོས་མང་པོ་སྤེལ་ཞིང་། གྲྭ་ཚང་འདི་ཉིད་དུ་འཆད་ཉན་ཤིན་ཏུ་རྒྱས་པོ་བྱུང་བ་དང་། ལྷག་པར་རྩོད་གྲྭའི་སྒྲིག་སྲོལ་ཚགས་ཚུད་དང་།གཞུང་ཆེན་ཁག་གི་གཞུང་ཚན་ཁག་བགོས་ཀྱིས་འཛིན་གྲྭ་དབྱེ་མཚམས་ཕྱེས། འཛིན་གྲྭ་གོང་འོག་ཕན་ཚུན་བརྒལ་བརྟག་གི་སྲོལ་བཏོད་འཛིན་གྲྭ་གོང་མས་རྩོད་ཟིན་པའི་གཞུང་གི་དགོངས་དོན་ཟབ་མོ་རྣམས་བརྗེད་ངེས་ཀྱི་རྐུན་པོ་ལ་མ་ཤོར་བའི་ཆེད་དཔེ་ཆ་བསྐྱར་ཀློག་ཐེབས་དགོས་ཤིང་། འཛིན་གྲྭ་འོག་མ་རྣམས་ཀྱིས་འཛིན་གྲྭ་གོང་མ་དག་ལས་གཞུང་གི་དགོངས་པ་ཟབ་མོ་དང་། རིགས་པའི་འགྲོས་སོགས་ཀྱི་བློ་བསྐྱེད་ཡོངས་ཐབས་ཆེད་ཁོ་ན་ལས། འགྲན་རྩོད་བྱས་པ་ལྟ་བུ་ཞིག་གཏན་ནས་མིན། ཚུལ་ཇི་ལྟར་ནི། །འཛིན་གྲྭ་འཐབ་དུས། དཔྱིད་ཆོས་གཉིས་པ་ནས་དབུ་ཚུགས་དགོས། ཟླ་ཆོས་དེར་མ་ཚར་ན་སྟོང་ཉིད་ཆོས་རའི་སྐབས་ཚར་བ་དགོས། དེ་ཡང་འཛིན་གྲྭ་མ་འཐབ་པའི་ཉིན་མང་པོའི་སྔ་རོལ་ནས་དཔེ་ཆ་དྲག་གྲས་ཀྱི་མཁས་དབང་ཞིག་གི་དྲུང་ནས་རྟགས་བསལ་གོ་སྒྲིག་ལེགས་པོ་བྱེད་དགོས། དངོས་གཞི་ནི་དཔྱིད་ཆོས་གཉེས་པའི་ནང་ངེས་པ་ཡིན། དེ་ཡང་ཉིན་ཆོས་ཚུགས་ཟིན་ནས་ཆབ་རིལ་གྱིས་མཁན་རིན་པོ་ཆེ་གདན་དྲངས་ཏེ་ཆོས་རའི་བཞུགས་ཁྲིར་འཁོད་དེ། བརྩི་བཞག་ཡོད་ན་བརྩི་བཞག་བསྐྱར་ཟིན་པ་དང། མེད་ན་འཕྲལ་དུ་དགེ་སྐོས་ལགས་ནས་གཟན་བརྡ་གནང་བ་དང་འཛིན་གྲྭ་རྒན་པ་གཡས་གྲལ་དུ་འཁོད་ཅིང་། འཛིན་གྲྭ་གཞོན་པ་གཡོན་གྲལ་དུ་འཁོད། གྲྭ་མང་ཆོས་རའི་འདུ་ཁང་ནང་འདུ་འཛོམས་ཟིན་པ་དང་མཁན་རིན་པོ་ཆེ་ཕྱག་བརྡ་གནང་བ་དང་དྲང་ངེས་འཛིན་གྲའི་སྐྱོར་དཔོན་དང་། བླ་མ་ཡོད་ན་བླ་མ་རྒན་པ་ཞིག་དང་མེད་ན་མིང་གཉིས་པ་བཅས་དམ་བཅའ་སྡོད་དགོས། གཞུང་གསར་འཛིན་གྲྭའི་སྐྱོར་དཔོན་ནས་རྟགས་བསལ་ཁྱབ་འགོ་འཛུགས། རྟགས་བསལ་དུས་ཡུན་རིང་ཐུང་ཇི་ཙམ་འཇོག་མིན་མཁན་རིན་པོ་ཆེ་ནས་མཛད། དེ་བཞིན་རྟགས་བསལ་རིམ་པ་ཁག་ལྔའི་ཁྱབ་འགོ་འཛུགས་དགོས། ཐ་མ་དེ་ཚིག་བཟང་ཞིག་འཛུགས་དགོས། དེ་ཡང་སྐྱབས་རྗེ་མཁན་རིན་པོ་ཆེ་དབུས་མཁས་མང་འདུས་པ་རྒྱ་མཚོ་དཔང་དུ་བཞག་ནས་རྩོད་དགོས་པས་འཇིགས་སྣང་ཆེར་བསྐྱེད་ཀྱིས་མཚན་མོ་གཉིད་དང་ཉིན་མོ་བཞེས་ལག་མེད་པར་གནས་དགོས་པའང་ཡོང་། ཡང་སྐབས་རེ་ནི། ཡིད་ཆེས་པའི་རྒྱབ་རྟེན་གྱི་ལུང་དང་། དྲི་མ་མེད་པའི་རིགས་པའི་རྩལ་གྱིས་མ་རྟོགས་པ་དང་ལོག་པར་རྟོག་པའི་དམ་བཅའ་སུན་ཕྱུང་སྟེ། མཁས་མང་མགུ་བ་བསྐྱེད་པའི་སྒྲུབ་པའི་མཆོད་པ་བཤམ་ཐུབ་ཚེ་སྨྲ་མི་ཤེས་པ་ལྟ་བུའི་དགའ་བ་དཔག་མེད་ཐུབ་པའང་ཡོང་། སྐབས་རེ་རྟགས་བསལ་གཏོང་མཁན་གྱི་རིགས་པའི་གནམ་ལྕགས་འཁོར་ལོས་དམ་བཅའ་བའི་འཛིན་གྲྭ་གཅིག་པ་ཡོངས་རྫོགས་མི་སྨྲ་བའི་བརྟུལ་ཞུགས་སུ་བཀོད་པ་དང་། སྐབས་རེ་དམ་བཅའ་བས་རྟགས་བསལ་འཕྲོ་བཅད་དེ་ཀྲོང་ངེར་ལངས་དགོས་པ་བཟོས་པ་སོགས་ནི ། དཔེ་ཆ་བ་རྣམས་ཀྱིས་ལྟད་མོ་ཆེ་ཤོས་ཤིག་ཏུ་བརྩི་ཡི་ཡོད། འཛིན་གྲྭ་འཐབ་སྐབས། ཤགས་འགྱེད་པ་དང་། གོ་རིམ་མེད་པའི་འཚང་ཁ་རྒྱག་པ་སོགས་གཏན་ནས་བྱེད་མི་ཆོག་པ་ཡིན། རྟགས་བསལ་ཁྱབ་འགོ་གསུམ་པ་འཛུགས་པ་དང་དགེ་སྐོས་ནས་གྲོལ་བརྡ་བཏང་བ་དང་། གྲྭ་མང་ཆོས་ར་གྲོལ། འཐབ་ཚར་བ་དང་འཐབ་མཁན་འཛིན་གྲྭ་གཉིས་པོས་མཁན་རིན་པོ་ཆེ་ལ་ཕྱག་འཚལ་ནས་གུས་འདུད་ཞུས། …
Any Tulku (reincarnated lama) who is interested in admittance to the Loseling Monastic College must, first of all, get an audience with the Khenpo, report to the Khenpo about his admission and then obtain the Khenpo’s approval. After approval from …
སྤྱིར་བརྩི་བཞག་ཅེས་པ་གྲངས་ཞིབ་གཤེར་བྱས་པའི་དོན་ཡིན། སྐབས་འདིར་བརྩི་བཞག་ཅེས་པ་ནི། གྲྭ་ཚང་འདི་ཉིད་ཀྱི་ཆོས་ར་ཚུགས་དུས་སུ་བར་བར་དུ། མཁན་རིན་པོ་ཆེ་མཆོག་ནས་རྩོད་གཞུང་གི་མཚམས་ངོ་སྤྲོད་པའི་དོན་ཡིན།དེའི་དགོས་དོན་ནི། གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཚུལ་གཞུང་དོན་ལ་རགས་རིམ་ཙམ་གྱི་གོ་རྒྱ་བསྐྱེད་པ་མ་ཡིན་པ་བསམ་པས་ལེགས་པར་གཏན་ལ་ཕབ་དགོས་ཤིང་དེ་ཡང་གཞུང་ཆེན་མོའི་ཁོག་ཙམ་དུ་མ་ཟད་ཚིག་གི་ཟུར་ཆ་རེ་རེ་ལ་ཡང་། གོ་བ་འདོན་ལུགས་ལ་ལྷག་ཆད་ནོར་བའི སྐྱོན་དང་བྲལ་བ་ཞིག་དགོས་པའི་གནད་ཀྱིས་ཡིན།་ཚུལ་ཇི་ལྟར་ཞེ་ན། ཆོས་ར་ཚུགས་རྗེས་ཆབ་རིལ་ནས་མཁན་རིན་པོ་ཆེ་གཙུག་ལག་ཁང་ཡང་སྟེང་གཟིམ་ཆུང་ནས་གདན་དྲངས། གྲྭ་མང་ནས་རྩོད་པ་རྩོད་མཚམས་ཅུང་བཞག་ནས་ཚང་མ་འགྲེང་སྟེ་མགོ་བོ་དུད་ནས་འདུད་ཅིང་། མཁན་རིན་པོ་ཆེ་ཆོས་རའི་བཞུགས་ཁྲིར་འཁོད་པ་དང་། དགེ་སྐོས་ནས་གཟན་བརྡ་བཏང་སྟེ་འཛིན་དང་པོ་ནས་བཟུང་རྒན་རིམ་བཞིན་འཛིན་གྲྭ་སོ་སོ་ནས་ཕྱག་འཚལ་ཏེ། མཁན་རིན་པོ་ཆེ་ནས་འཛིན་གྲྭ་སོ་སོའི་རྩོད་གཞུང་ཐུགས་ཐོག་ནས་ལན་གསུམ་གྱི་བར་དུ་ཞིབ་ཕྲར་གསུང་དགོས། འཛིན་གྲྭའི་སྐྱོར་དཔོན་ནས་ཀྱང་མཁན་རིན་པོ་ཆེ་ལ་རྒྱུགས་སྤྲོད་ཀྱི་ཚུལ་དུ། བརྩི་བཞག་ལན་གཅིག་སྐྱོར་དགོས། མཁན་རིན་པོ་ཆེ་ནས་ཕེབས་ཤིག་གསུངས་པ་དང་། ཚང་མས་ཕྱག་འཚལ་ཏེ། འཕྲལ་དུ་འཛིན་གྲྭ་སོ་སོ་ནས་དམ་བཅའ་ཚུགས་དགོས།
བླ་མ་ཆོས་ཞུགས་གནང་ཚུལ་ནི། བླ་མ་སྤྲུལ་པའི་སྐུ་གང་ཞིག་དང་ཐོག་སྐྱིབས་རྗེ་མཁན་རིན་པོ་ཆེར་མཇལ་བཅར་ཞུས་ཏེ་གྲྭ་ཚང་དུ་ཆོས་ཞུགས་བྱེད་ཆོག་པའི་སྙན་གསེང་ཞུས་ཏེ། མཁན་རིན་པོ་ཆེ་ནས་བཀའ་འཁྲོལ་ཐོབ་དགོས་པ་ཡིན། དེ་ཡང་འབྲས་སྤུངས་ཚོགས་ཆེན་ལ་མཆོད་འབུལ་ཡོད་ན། མང་ཇའི་སྐབས་ཆོས་ཞུགས་བྱེད་མཁན་གྱི་བླ་མ་དེས། མཁན་ལས་ཟུར་དང་།དགེ་བསྐོས་རྣམ་པ་གཉིས་དང་ལྷན་དུ་འབྲས་སྤུངས་ཚོགས་ཆེན་ཡང་སྟེང་དགའ་ལྡན་ཕོ་བྲང་ནས། ༧གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རོལ་མོ་རྒྱ་གླིང་དང་སྤོས་སྣེས་བསུས་ཏེ་གདན་དྲངས་ནས་རྟེན་གསུམ་མཎྜལ་འབུལ་བཏེགས་ཞུས་ཏེ་བླ་སྤྲུལ་ཆེ་ཁག་ཡིན་ན་རང་རང་གི་ཁྲི་ལ་འཁོད། དེ་མིན་གདོང་གྲལ་གྱི་གྲལ་འགོར་བཞུགས། སྐུ་འགྱེད་བཞེས་སྐབས་རྣམ་ཀུན་དང་མི་འདྲ་བ་ཆོས་གོས་དང་ཚོགས་ཞྭ་བསྣམས་ནས་མཁན་ལས་ཟུར་རྣམ་པ་དང་མཉམ་དུ་ཕེབས་ཏེ་སྐུ་ཡོན་བཞེས་ནས་ཕེབས། གྲྭ་ཚང་དུ་དེའི་ཉིན་མོར་ཆོས་ར་ཞིག་ངེས་པར་ ཚུགས་ནས། མཁན་རིན་པོ་ཆེ་གདན་དྲངས་ཏེ་བརྩི་བཞག་སྐྱོར་དགོས་པ་ཡིན། ཆོས་ཞུགས་བའི་བླ་མ་དེས་བསྡུས་གྲྭའི་བརྩི་བཞག་སྐྱོར་སྐབས། མཁན་རིན་པོ་ཆེ་ལ་རྟེན་གསུམ་མཎྜལ་བཏེགས་འབུལ་ཞུས་ཏེ། བླ་མ་དེ་ཉིད་བསྡུས་གྲྭའི་དམ་བཅར་བཞུགས། གཞན་ཞིག་གིས་རྟགས་བསལ་ཞིག་གཏོང་དགོས། གྲྭ་ཚང་གི་ཚོགས་སུའང་རྣམ་ཀུན་དང་མི་འདྲ་བ་ཚོགས་ཞྭ་དང་ཆོས་གོས་བསྣམས་ནས་བླ་སྤྲུལ་ཆེ་ཁག་ཡིན་ན་རང་གི་བཞུགས་ཁྲིད་དང་། དེ་མིན། བླ་མ་གཞུང་ལེན་པའི་གོང་གི་གྲལ་དུ་བཞུགས། ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེར་མཛད། གུང་ཚིགས་གྲྭ་ཇ་གྲོལ་བ་དང་ཁམས་ཚན་གྱི་ཚོམས་ཆེན་དུ་བཞུགས་ཁྲིར་འཁོད་དེ་ཁམས་རྒན་གནད་ཡོད་ཁག་གི་རྟེན་གསུམ་མཎྜལ་བཏེགས་འབུལ་དང་། འབྲེལ་ ཡོད་སེར་སྐྱ་མང་པོས་མཇལ་དར་སྒྲོན་པ་སོགས་མཛད་སྒོ་ཚུགས་དགོས། ཡང་དེའི་ཕྱི་ཉིན་གྲྭ་ཚང་དུ། མཁན་རིན་པོ་ཆེ་དང་དབུ་ཆོས་གསུམ་དང་གྲྭ་ཚང་གཉིས་ཀྱི་བླ་སྤྲུལ་ཁག་གྲྭ་ཚང་གི་ལས་བྱེད་མཆིས་སོ་ཅོག་ལ་གསོལ་ཚིགས་འབུལ་བ་དང་། སླར་ཡང་ཁམས་ཚན་དུ་བཞུགས་ཁྲི ་བརྒྱབ་ནས་ཁྲི་སྟོན་མཛད་སྒོ་ཞིག་ཚུགས། གསོལ་ཚིགས་འབུལ་ཡུལ་གྱི་བླ་སྤྲུལ་ཁག་གཙོས་འབྲེལ་ཡོད་རྣམས་ཀྱིས་རྟེན་གསུམ་མཎྜལ་འབུལ་བ་དང་མཇལ་དར་སྒྲོན་འབུལ་བཅས་མཇལ་ཁ་ཞུ་དགོས་པ་བཅས་སོ།
སྤྱི་ལོ་༢༠༡༥ཟླ་བ་༦ཚེས་༧ཉིན་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དབུས་རང་ཁོངས་བློ་གླིང་བླ་སྤྲུལ་རྣམ་པ་ལྷན་བཞུགས་ཀྱི་སྐུ་པར་། སྤྱི་ལོ་༢༠༡༦ལོའི་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ཞུགས་པ་རང་ཁོངས་བློ་གླིང་གྲྭ་ཚང་གི་བླ་སྤྲུལ་ཁག ལྷ་རམས་གཉིས་པ་གུ་གེ་རྒྱ་བུང་རིན་པོ་ཆེ། སློབ་དཔོན་དང་པོ་ཚ་བ་ཟངས་ཆེན་རིན་པོ་ཆེ། བཀའ་རམས་གཉིས་པ་གུ་གེ་བྱ་བྲལ་རིན་པོ་ཆེ། བཀའ་རམས་དང་པོ་ཕ་ར་མཁན་ཆེན་རིན་པོ་ཆེ། གོ་བོ་ལྷ་སྐྱབས་རིན་པོ་ཆེ། ཕ་ར་ཤག་སྐོར་མཁན་སྤྲུལ་རིན་པོ་ཆེ་བཅས་སོ། སྤྱི་ལོ་༢༠༡༥ཟླ་བ་༦ཚེས་༩ཉིན་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རངཁོངས་བློ་གླིང་བླ་སྤྲུལ་རྣམ་པ་ལྷན་དུ་བླ་མཆོད་ཚོགས་འབུལ་དང་དེ་རྗེས་རིན་པོ་ཆེ་ནས་བླང་དོར་བཀའ་སློབ་བསྩལ་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་མཛད་རིམ་བསྐྱངས་པའི་ཉིན་མོ། ཕྱི་ལོ་༡༩༩༦ ལོ་ནས་སྔར་གྱི་སྤྲུལ་སྐུ་ལྷན་ཚོགས་ཚགས་ཚུད་དུ་བཏང་སྟེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོར་མདོ་སྔགས་ཀྱི་གསུང་ཆོས་སྣ་མང་ཞུས་པ་མ་ཟད་དེ་དག་གི་གོ་སྒྲིག་དཔེ་མེད་བྱས། སྤྲུལ་སྐུ་ལྷན་ཚོགས་ཀྱི་དམིགས་ཡུལ་ནི། ༧གོང་ས་མཆོག་དང་རང་གཞུང་གི་དགོངས་བཞེད་མྱུར་འགྲུབ་ཐད་ཞབས་འདེགས་བསྒྲུབ་རྒྱུ་དང་དབང་ལུང་མན་ངག་གི་ཆོས་རྒྱུན་དཀོན་རིགས་རྒྱུན་འཛིན་དང་ཁྱབ་སྤེལ། དགེ་ལྡན་བསྟན་འཛིན་སྤྱི་དང་། ཁྱད་པར་༧སྐྱབས་རྗེ་ཡོངས་འཛིན་ཟུང་གི་དབང་ལུང་མན་ངག་བསྩལ་ཚུལ་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་ཡིག་ཐོག་ཏུ་འགོད་སྒྲིག་གིས་རྒྱུན་འཛིན་དང་ཁྱབ་སྤེལ། སྤྲུལ་སྐུ་གཞོན་སྐྱེས་རྣམས་ཀྱི་སྐུ་ཡོན་སློབ་གཉེར་དང་།མཛད་སྤྱོད་གང་ལེགས་ཡོངས་ཐབས་ཀྱི་མཐུན་འགྱུར་བསྒྲུབ་རྒྱུ། བོད་གཞིས་བྱེས་གཉིས་དང་ཕྱོགས་མཐར་བཞུགས་པའི་སྤྲུལ་སྐུ་ཕན་ཚུན་དབར་འབྲེལ་མཐུད་ཀྱིས་སྤྲུལ་སྐུ་སྤྱི་སྒེར་ཚང་མའི་མཛད་འཕྲིན་ཡར་ལྡན་ཡོང་ཐབས་གནང་རྒྱུ། བོད་མིའི་སྤྱི་ཚོགས་ནང་ཡ་རབས་སྤྱོད་བཟང་གི་གོམས་གཤིས་མི་ཉམས་རྒྱུན་གནས་ཆེད་ལམ་སྟོན་བྱ་རྒྱུ། རིས་མེད་ཆོས་བརྒྱུད་ཁག་གི་གཞུང་ལ་སྦྱོང་བརྩོན་གྱིས་ལེགས་ཆ་སྤེལ་རེས་དང་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་སོགས། མདོར་ན་བོད་གངས་ཅན་གྱི་བསྟན་སྲིད་ལ་སྨན་པའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཆེད་མཐུན་འགྱུར་ཞབས་འདེགས་བསྒྲུབ་རྒྱུ་མ་ཟད་ལྷན་ཚོགས་འདིས་སྔ་ཕྱིར་༧གོང་ས་མཆོག་གི་ཞལ་སྔ་ནས་ཡི་དམ་གསང་བདེ་འཇིགས་གསུམ་གྱི་དབང་ལུང་མན་ངག་གིས་མཚོན་པའི་ཁྲིད་རྒྱུན་སོག རྒྱ་ཆེར་ཞུས་དང་ཞུ་མུས་ཀྱིས་བསྟན་པ་སྤྱི་དང་ལྷག་པར་རི་བོ་དགེ་ལུགས་པའི་མཁས་གྲུབ་ཚོའི་དབང་ལུང་མན་ངག་གི་རྒྱུན་བཟང་ཉམས་མེད་དུ་སྐྱོང་བཞིན་པ་ཡིན།༧གོང་ས་སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱིས་གསོལ་བ་ཇི་ལྟར་སྟབས་པ་ལྟར་ད་བར་བཀའ་ཆོས་གང་གནང་བའི་མཚན་དང་ལོ་ཚིགས་གཤམ་གསལ། ཕྱི་ལོ ༡༩༩༧ ལོར་དཔྱིད་ཆོས་ཆེན་མོའི་མཇུག་ཐོག་དེ་མ་ཐག་རྒྱལ་བའི་ཕོ་བྲང་ནང་འཇིགས་བྱེད་དཔའ་གཅིག་གི་དབང་ཆེན་དང་དེའི་མྱོང་ཁྲིད་བཤད་པ་བཞི་པ་དང་བཅས་པ༧སྐྱབས་རྗེ་ཡོངས་འཛིན་གླིང་རྡོ་རྗེ་ཆང་ཆེན་པོས་ཕྱོགས་བསྒྲིགས་མཛད་པའི་ས་བཅད་སྟེང་ནས་གནང་བ་དང་།༡༩༩༧་ཟླ་༩་པ་ནང་་གསང་འདུས་ཆོས་སྐོར་ ༡༽དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་འདུས་སྒྲུབ་ཐབས་མདོར་བྱས་དང་མདོ་བསྲེ། ༢༽སློབ་དཔོན་ཀླུ་བྱང་གིས་མཛད་པའི་རྣམ་བཞག་རིམ་པ། ༣༽རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་གསང་འདུས་སྒྲུབ་ཐབས་རྣལ་འབྱོར་དག་རིམ་དང། རྣམ་བཞག་རིམ་པའི་རྣམ་བཞག བླ་མ་ལྔ་བཅུ་པའི་ཁྲིད། སྡོམ་པ་ཉི་བཤུ་པའི་ཁྲིད། ཨ་ཁུ་ཤེས་རབ་རྒྱ་མཚོའི་གསང་འདུས་བསྐྱེད་རྫོགས་བཅས་གནང་། ཕྱི་ལོ ༡༩༩༨ ཟླ་བ་༡༠པའི་ནང་བདེ་མཆོག་ལུ་ཨི་པའི་དབང་ཆེན་དང་། …
དགེ་བཤེས་ཞེས་པ་ནི་གཞུང་ཆེན་་བཀའ་པོད་ལྔ་ལ་སློབ་གཉེར་ཟིན་ནས་གྲྭ་སྐོར་དམ་བཅའ་བཞག་སྟེ་ཐོབ་པའི་མཚན་གནས་དང་ལྡན་པའི་མཁས་པ་ཞིག་ཡིན། དེ་ལ་སྦྱངས་འབྲས་མཆོག་དམན་གྱི་སྒོ་ནས་དབྱེ་བ་འགའ་ཞིག་ཡོད་པ་ནི། དགེ་བཤེས་ལྷ་རམས་པ། ཚོགས་རམས་པ། གླིང་བསྲེ། རྡོ་རམས་པ་བཅས་ཡོད། དེ་ཡང་དགེ་བཤེས་ལྷ་རམས་པ་ནི། གཞུང་ཆེན་པོ་ཁག་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་ནས་གདན་གསུམ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དམ་བཅའ་འཇོག་མཁན་ལ་ལྷ་རམས་དང་།༧གོང་ས་ལྔ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་པའི་དགོངས་རྫོགས་སུ་ཚོགས་མཆོད་ཆེན་མོའི་སྐབས་གདན་ས་གསུམ་གྱི་དགེ་བཤེས་ཁག་ཅིག་གྲྭ་སྐོར་དམ་འཇོག་བཅུག་པ་ནས་ཚོགས་རམས་པ་བྱུང་བ་དང་། གླིང་ཡོངས་ཀྱི་གྲྭ་ཚང་ཕན་ཚུན་བསྲེས་ནས་གཞུང་ཆེན་ལྔ་ཡི་དམ་བཅའ་འཇོག་མཁན་གྱི་དགེ་བཤེས་ལ་གླིང་བསྲེ་ཟེར། ཚོགས་ཆེན་རྡོ་གཅལ་དུ་གཞུང་ཆེན་ཁག་གི་དམ་བཅའ་འཇོག་མཁན་གྱི་དགེ་བཤེས་ལ་རྡོ་རམས་པ་ཞེས་འབོད། དེང་གི་ཆར་ལ་དགེ་བཤེས་ལྷ་རམས་པ་ནི་གྲྭ་ཚང་འདི་ཉིད་དུ་ཆོས་སྒོར་ཞུགས་ནས་བསྡུས་གྲྭ་བློ་རྟགས་ནས་བཟུང་མི་ལོ་བཅུ་བདུན་ཙམ་གྱི་གྲྭ་ཚང་གི་འཛིན་གྲྭ་ཡོངས་རྫོགས་ཐོན་ནས་སླར་ཡང་ལོ་དྲུག་གི་རིང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕེབས་ཏེ་རྒྱུགས་སྤྲོད་དེ་ཉིད་ལེགས་ཐོན་བྱུང་བ་དང་། ལྷ་རམས་དམ་བཅའ་བཞག་པའི་ལོ་དེར་གྲྭ་ཚང་ཆོས་རའི་ནང་དཔྱིད་ཆོས་དང་པོའི་སྐབས་འཛིན་གྲྭ་ཡོངས་རྫོགས་ལ་དམ་བཅའ་སྐོར་དགོས་པ་མ་ཟད་རེས་གཟའ་ཉི་མའི་དགོང་མོ་ཁམས་ཚན་ཉེར་ལྔར་རིམ་པས་དམ་བཅའ་སྐོར་དགོས། དེ་ཡང་དམ་བཅའ་བསྐོར་ཚུལ་གཞན་དང་མི་འདྲ་བ་དགེ་བཤེས་རང་ཉིད་གཅིག་པུས་བསྐོར་དགོས་ཤིང་ལོ་དེའི་འཛིན་དང་པོའི་འདོགས་གཅོད་ཁག་གི་འགན་གཙོ་རྐང་ལེན་བྱ་དགོས། དགུན་ཆོས་ཆེན་མོའི་སྐབས་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་བཞག་དགོས་པ་དང་གཙོ་བོ་གདན་ས་ཆེན་པོ་གསུམ་གྱི་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་ཞོགས་པར་རྣམ་འགྲེལ་དམ་བཅའ། ཉིན་དགུང་དབུ་མ་དང་ཕར་ཕྱིན། དགོང་མོར་འདུལ་མཛོད་གཉིས་ཀྱི་དམ་བཅའ་གཞག་དགོས་པ་བཅས་སོ། དགེ་བཤེས་ཚོགས་རམས་པ་ནི་གྲྭ་ཚང་གི་རྒྱུགས་སྤྲོད་ཐོན་ནས་འཛིན་དང་པོ་དང་གཉིས་པའི་སྐབས་མཁན་རིན་པོ་མཆོག་ནས་དགེ་བཤེས་དམ་འཇོག་གི་གནང་བ་བསྩལ་ཏེ་དགུན་ཆོས་ཆེན་མོའི་སྐབས་གཞུང་ཆེན་ལྔ་པོའི་དམ་བཅའ་བཞག་ནས་ཚོགས་ཆེན་དུ་རྟེན་འབྲེལ་མཛད་སྒོའི་དམ་བཅའ་ཞིག་ཚུགས་དགོས། གླིང་བསྲེ་ནི་གྲྭ་ཚང་གཉིས་ཀྱི་གླིང་བསྲེ་བ་དང་འདོན་གྲྭ་བ་མ་མཐའ་ཡང་བཞི་རེ་གྲལ་དུ་འཁོད། སྦྱོར་ཆོག་ཞལ་འདོན་གསུང་དགོས། ལེགས་པར་གྲུབ་པ་དང་བླ་མ་གཞུང་ལེན་པས། རིགས་ལམ་ལ་བཞེངས་པར་ཞུ་གསུངས་མཚམས་སུ་གྲྭ་སྐོར་བ་དམ་བཅའ་བཞུགས། ཕྱག་རོགས་རྣམས་ཀྱིས་རྟགས་བསལ་གཏོང་རྒྱུ་དང་། དེ་ནས་བླ་མ་གཞུང་ལེན་པས་མཚམས་སྦྱོར་དང་མཆོད་དབྱངས་མཛོད་ཅེས་གསུངས་མཚམས་སུ། གྲྭ་སྐོར་བས། བཀའ་པོད་ལྔ་ཡི་མཚམས་སྦྱོར་ དང་མཐུན་པའི་གཞུང་སྐྱོར་རྒྱུ། དེར་བར་མཚམས་བཞག་ནས་སླར་ཡང་གདན་གྲལ་དུ་འཁོད་དེ་གྲ་སྐོར་བ་དམ་བཅའ་བཞུགས། ཕྱག་རོགས་བས་རྟགས་བསལ་བཏང་སྟེ་བླ་མ་གཞུང་ལེན་པས་རིགས་ལམ་མཚམས་བཞག་ནས་ཚིག་བཀྲ་སྐྱོར་གསུངས་པ་དང་། གྲྭ་སྐོར་བས་ཚིགབཀྲ་སྐྱོར་ནས་མཇུག་ཏུ་དྷི༔སྐད་བརྒྱབ། དབུ་མཛད་ནས་བསྟན་འབར་མ་དབུ་བསྐུལ་གནང་དགོས་པ་བཅས་སོ།། དགེ་བཤེས་རྡོ་རམས་པ་ནི་གྲྭ་ཚང་གི་སློབ་གཉེར་ཆ་ཚང་ཟིན་མ་ཟིན་ཅི་རིགས་ལ་མཁན་རིན་པོ་ཆེ་ནས་གཟིགས་ཞིབ་ཀྱིས་དགེ་བཤེས་དམ་བཅའ་གནང་ནས་འབྲས་སྤུངས་ཚོགས་ཆེན་རྡོ་གཅལ་སྟེང་དགེ་བཤེས་རང་ཉིད་ཀྱི་རྩོད་གྲྭ་བ་རོགས་པ་འཚོལ་ཏེ་བླ་མ་གཞུང་ལེན་པ་དང་ལྷན་དུ་སྦྱོར་ཆོག་བཏོན་ནས་ཚིག་བཀྲ་སྐྱོར་ཏེ་ཕན་ཚུན་རྟགས་བསལ་གཏོང་རེས་གནང་བ་དང་མཇུག་ཏུ་བསྔོ་སྨོན་ཤིས་བརྗོད་མཛད་དེ་དམ་བཅའ་འཇོག་དགོས་པ་བཅས་སོ། །
རྒྱལ་བའི་གསུང་རབ་སྤྱི་དང་། ཁྱད་པར་ཕར་ཕྱིན་ཐེག་པའི་སྐོར། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་གཙོས་འཕགས་ཡུལ་པཎ་གྲུབ་རྣམས་ཀྱིས་མཛད་པའི་གཞུང་ཆེན་ལྔའི་རྩ་བ་དང་། འགྲེལ་པ། ཡང་འགྲེལ་སོགས་བོད་དུ་འགྱུར་རོ་ཅོག་ལ་རང་རང་གི་དབང་པོ་རྣོ་འབྲིང་ལ་དཔག་སྟེ་ཐོས་བསམ་གནང་གི་ཡོད་ཅིང་། གཙོ་བོ་ནི་རྗེ་ཡབ་སྲས་གསུམ་གྱི་གསུང་གཞིར་བཞག་སྟེ་སློབ་གཉེར་གནང་དགོས་ཤིང་གསུང་རབ་ཀྱི་གཏེར་མཛོད་དེ་དག་ལ་འཇུག་པའི་ལྡེ་མིག་ལྟ་བུ་ནི་མདོ་སྔགས་རབ་འབྱམས་བ་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་རྣམ་དཔྱོད་མཆོག་གི་སྡེས་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་པུ་ཏི་བཅུ་བཞི་ཙམ་ཡོད་པ་འདི་ལྟར། རྒྱུད་སྡེ་སྤྱིའི་རྣམ་བཤད། དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ། ཕར་ཕྱིན་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ། དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ། དབུ་མའི་མཐའ་དཔྱོད་ཟབ་དོན་ཡང་གསལ་སྒྲོན་མེ། འདུལ་བའི་མཐའ་དཔྱོད་ལུང་རིགས་ཉི་མ། མངོན་པ་མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་རྣམ་ འགྲེལ་དགོངས་པ་རབ་གསལ། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། འདུལ་བའི་ཆོས་འབྱུང་བསྟན་རྩིས་རིན་ཆེན་ཕྲེང་བ། དེབ་ཐེར་དམར་པོ་གསར་མ། དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་ཆུན་པོ་བཅས་ཡོདཔ་ལས་གྲྭ་ཚང་འདི་ཉིད་ཀྱི་སློབ་གཉེར་བ་ཚོས་ཕར་ཕྱིན་སྤྱི་མཐའ་དཔྱོད་གཉིས་དང་། དབུ་མ་སྤྱི་མཐའ་དཔྱོད་གཉིས་། འདུལ་བའི་མཐའ་དཔྱོད། མཛོད་འགྲེལ་ཤེས་བྱ་རབ་གསལ། རྣམ་འགྲེལ་དགོངས་པ་རབ་གསལ་བཅས་གཞུང་ཆེན་བཀའ་པོད་ལྔའི་འགྲེལ་པ་འདི་དག་ལ་སློབ་གཉེར་གནང་གི་ཡོད། དེ་ཡང་ཕར་ཕྱིན་སྤྱི་དོན་ཡུན་དོན་གསལ་བའི་སྒྲོན་མེ་ནི། རྒྱལ་ཚལ་རྗེའི་གསུང་རྣམ་བཤད་སྙིང་པའི་རྒྱན་གྱི་དཀའ་བའི་གནད་མ་ལུས་པ་གསལ་བར་འགྲེལ་ཞིང་མངོན་པར་རྟོགས་པའི་རྒྱན་མདོ་དང་སྦྱར་ནས་དགོངས་པར་རབ་ཏུ་གསལ་བ་དང་སྐབས་དོན་སོ་སོའི་གཞུང་གི་དོན་རྣམས་རྗེ་ཡབ་སྲས་གསུམ་གྱི་གསུང་ཀུན་བཏུས་དང་། མཛོད་དང་། ཉི་སྣང་དང་རྒྱན་སྣང་འགྲེལ་པ་དོན་གསལ་སོགས་ཁུངས་སུ་མཛད་དེ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་བདེ་བླག་ཏུ་གསལ་བར་འཆར་བའི་སྒྲོན་མེ་ལྟ་བུ་ཞིག་ཡིན། ཕར་ཕྱིན་མཐའ་དཔྱོད་ཡུན་དོན་ཡང་གསལ་སྒྲོན་མེ་ནི་སྤྱི་དོན་གྱི་སྐབས་ལུང་དང་རིགས་པ་མཐའ་ཡས་པས་མདོ་དང་རྒྱན་གྱི་དགོངས་པ་སྤྱི་ཡི་ཚུལ་དུ་འགྲེལ་པ་རྣམས་ལུང་གི་སྤྲོས་པ་རྒྱ་ཆེ་དོར་ཏེ་དོན་མདོར་བསྡུས་ནས་སྦྱོར་བ་འགོད་ཅིང་རིགས་པའི་ལམ་ནས་དྲངས་ཏེ་དགག་བཞག་སྤོང་གསུམ་གྱི་སྒོ་ནས་ཡུམ་གྱི་སྦས་དོན་མངོན་ན་རྟོགས་ཀྱི་རིམ་པ་སླར་ཡང་གསལ་བར་བྱེད་པའི་སྒྲོན་མེ་ལྟ་བུ་ཡིན།་་དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ་ནི། འཇམ་མགོན་རྒྱལ་བ་གཉིས་པའི་གསུང་དབུ་མ་དགོངས་པ་རབ་གསལ་གྱི་དགོངས་དོན་དཀའ་བའི་གནད་མ་ལུས་པ་གསལ་བར་འགྲེལ་ཞིང་ཟབ་མོ་དབུ་མའི་ལམ་གྱི་རིམ་པ་སྤྱི་ཡི་དོན་རྣམས་ལུང་རི་གས་ཀྱིས་བརྒྱན་ཏེ་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ་ལྟ་བུ་ཡིན། དབུ་མའི་མཐའ་དཔྱོད་ཟབ་དོན་ཡང་གསལ་སྒྲོན་མེ་ནི། སྤྱི་དོན་ལས་དྲངས་པའི་ལུང་འདྲེན་ཅུང་ཟད་བསྡུས་ཤིང་། གཞུང་དོན་སྦྱོར་བ་འགོད་དེ། ཟབ་མོ་དབུ་མའི་དོན་རྣམས་དགག་བཞག་སྤོང་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པའི་གཞུང་ཞིག་ཡིན། རྣམ་འགྲེལ་དགོངས་པ་རབ་གསལ་ནི། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གསུང་རྣམ་འགྲེལ་ཐར་ལམ་གསལ་བྱེད་ཀྱི་དཀའ་གནད་ཀྱི་མདུད་རྒྱ་མ་ལུས་པ་ལྷུག་པོར་གྲོལ་ཏེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་ལྟ་བའི་མིག་ལྟ་བུ་ཡིན། ཐར་ལམ་གསལ་བྱེད་ལས་གཞུང་དོན་ཆེས་གསལ་བ་ཡོད་པའི་ཐད་ཀྱི་གཞུང་དག་ནི་ས་བཅད་དང་གཞུང་སྦྱོར་ཙམ་ལས་བསྐྱར་ཟློས་ཡང་ཟློས་བྱེད་པའི་དྲི་མ་མེད་པ་ཞིག་ཡིན་ཞིང་ཚད་མ་རྣམ་འགྲེལ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པ་གསལ་བར་གཏན་ལ་ཕབ་པའི་ལེགས་བཤད་ཅིག་ཡིན། འདུལ་བའི་མཐའ་དཔྱོད་ལུང་རིགས་ཉི་མ་ནི། རྗེ་དགེ་འདུན་གྲུབ་པས་མཛད་པའི་འདུལ་འགྲེལ་རིན་ཆེན་ཕྲེང་བའི་དགོངས་དོན་གཙོ་བོ་དང་། མཚོ་ཊིཀྐ་སོགས་ཀྱི་དཀའ་གནད་མ་ལུས་པ་གསལ་བའི་བསྟན་བཅོས་ཤིག་ཡིན། …