༢༠༢༤ ཟླ་ ༧ ཚེས་ ༡༤ ཉིན་བོད་ནས་ཕེབས་པའི་སྦག་སའི་གནས་བརྟན་བགྲེས་པ་རྣམས་ཀྱི་རྗེས་སུ་དགེ་བཤེས་གསར་པ་མཁན་པོའི་ཁྲི་ལ་ཕེབས་པ་ཐོག་མ་བློ་གླིང་མཁན་ཐོག་གྱ་གཉིས་པ་འབྲས་བློ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསམ་གཏན་དཔལ་བཟང་པོ་མཆོག་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་པོའི་མཛད་འགན་བཞེས་ནས་ལོ་དྲུག་ཚང་བས་ཁྲི་གཞུག་རྟེན་འབྲེལ་མཛད་སྒོ་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ པའི་ཐོག་འདུས་མང་ཡོངས་གཙུག་ལག་ཁང་དུ་ཚོགས་ཞུགས་སྒྲིལ་བ་དང་། མཁན་རིན་པོ་ཆེ་མཆོག་ཆབ་རིལ་ནས་གདན་ཞུས་ཀྱིས་བཞུགས་ཁྲི་ལ་འཁོད། བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཡེ་ཤེས་ཆོས་འཕེལ་ཀྱིས་གྲྭ་ཚང་གི་ཚབ་གནང་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་ཕྱག་རྟགས་འབུལ་ལམ་ཞུས། ཉིན་དེར་གཙོ་བོར༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞབས་རིམ་དུ་སྒྲོལ་དཀར་ཚེ་སྒྲུབ་དང་འབྲེལ་བའི་སྒྲོལ་མའི་གཟུངས་སྔགས་དང་སྨན་བླའི་གཟུངས་སྔགས་གསོག་སྒྲུབ་གནང་། མཁན་རིན་པོ་ཆེ་བླ་བྲང་དང་འབྲེལ་ཡོད་བཅས་ནས་་འདུས་མང་ལ་གསོལ་ཇ་བཞེས་བག་དང་གསོལ་ཞོ་མར་ཁུ་སྐུ་འགྱེད་སོགས་ཀྱིས་བསྙེན་བཀུར་ཞུས་གནང་ཐོག །གྲྭ་ཚང་རིན་པོ་ཆེ་ལ་སྤྱི་འཇོག་ཏུ་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་སྲུང་མ་མགོན་པོ་ཞལ་བཞི་པའི་སྐུ་ཐང་བྲིས་མ་སྤུས་ལེགས་གཅིག་དང་། ཁང་ཚན་སོ་སོར་སྐུ་ཐང་དེའི་མེ་ལོང་དཔར་བཤུས་བྱས་ཏེ་གོས་ཤམ་བརྒྱབ་པ་སྐུ་ཐང་རེ། ཚོགས་སུ་གྲྭ་མང་ལ་སྲུང་མ་མགོན་པོ་ཞལ་བཞི་པའིསྐུ་པར་རེ། ཁྲིམས་བདག་དགེ་སྐོས་རྒྱས་པ་དགེ་བཤེས་ངག་དབང་སངས་རྒྱས་ལགས་ཀྱིས་མཁན་རིན་པོ་ཆེའི་ཕྱག་རྗེས་འབྲེལ་བའི་སྐྱབས་འཇུག་ཞུས། མཁན་རིན་པོ་ཆེས་ལོ་དྲུག་ལྷག་གི་རིང་༸ སྐྱབས་མགོན་རིན་པོ་ཆེའི་དགོངས་པ་གཞིར་བཟུང་གྲྭ་ཚང་གི་ལས་དོན་མཐའ་དག་ལྷག་བསམ་ཟོལ་མེད་ངང་སྒྲུབ་གནང་བ་དང་། དེའི་རིང་བླ་མ་གཞུང་ལེན་པ་དང་། དགེ་བསྐོས་རིམ་བྱོན། ཕྱག་མཛོད་རིམ་བྱོན། དཔེ་མཛོད་འགན་འཛིན། སྨན་ཁང་དབུ་འཛིན། རྒྱུགས་སྤྲོད་ཚོགས་ཆུང་སོགས་གྲྭ་ཚང་རིན་པོ་ཆེའི་ཚོགས་པ་ཆེ་འབྲིང་ཆུང་གསུམ་སོགས་ཀྱིས་ལས་དོན་གང་གི་ཐོག་ཕྱར་བ་གྲུ་འདེགས་ཀྱིས་སྔོན་གྱི་སྦག་སའི་གནས་བརྟན་བགྲེས་པ་རྣམས་ཀྱིས་ཕྱག་ལས་གང་གནང་ཡོད་པ་དེ་གཞིར་བཞག་ཐོག་ཡར་རྒྱས་སུ་སོང་ཡོད་པ་དང་། བཙན་བྱོལ་དུ་ཕེབས་ནས་དགའ་ལྡན་ཁྲི་པ་བརྒྱད་ཕེབས་ཡོད་པ་ལས་ལྔ་བློ་གསལ་གླིང་གྲྭ་ཚང་རང་ནས་ཕེབས་ཡོད་ཅིང་། རྗེས་མར་ཡང་དེ་ལུགས་ཀྱིས་སློབ་གཉེར་ཡག་པོ་གནང་དགོས་པ་སོགས་གསུང་གནང་། ཚོགས་སུ་ཞལ་འདོན་སོགས་གསུང་གྲུབ་རྗེས་ཞོགས་ཚོགས་གྲོལ། ཆུ་ཚོད་ ༨།༣༠ ཐོག་དབུ་ཆོས་རྣམ་པ་གསུམ་དང་། ཕྱག་མཛོད་ཁྲི་པ། ཁང་ཚན་ཉེར་བཞིའི་སྤྱི་རྒན་དང་ཁང་རྒན་ཉེར་བཞིས་ཕྱག་ཏུ་སྤོས་སྣེ་དང་མཇལ་དར། སྐུ་ལ་ཆོས་གོས་དང་དབུ་ཞྭ་རྩེ་སྒྲོ་མ་བནབས་ཏེ་་ནས་ཆོས་ར་བར་ཕེབས་བསུ་དང་། དེ་ནས་མཁན་རིན་པོ་ཆེ་མཆོག་གིས་སེམས་བསྐྱེད་ཀྱི་བརྩི་བཞག་གནང་། དེ་ནས་སླར་ཡང་དབུ་ཆོས་གསུམ་དང་ཁང་སྤྱི་རྣམས་ཀྱིས་ཉང་པོ་ཁང་ཚན་དུ་གདན་ཞུ་གནང་ཏེ་ཉང་པོ་ཁང་ཚན་གྱིས་མདོ་ལུགས་དང་འབྲེལ་བའི་བརྟན་བཞུགས་ཕུལ་གྲུབ་པ་དང་ཆུ་ཚོད་༡༠།༤༥ ཐོག་ལ་གོང་ཞུས་རྣམས་ཀྱིས་གཙུག་ལག་ཁང་དུ་ཕེབས་བསུ་གནང་། མཁན་རིན་པོ་ཆེ་ཁྲིའི་སྟེང་དུ་བཞུགས་གྲུབ་པ་དང་འབྲས་སྤུངས་བླ་སྤྱིའི་སྐུ་ཚབ་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་ཚུལ་ཁང་མཁན་ཟུར་དཀོན་མཆོག་དཔག་བསམ་མཆོག་དང་གྲྭ་ཚང་རིན་པོ་ཆེ་དང་འབྲེལ་ཡོད་ཁག་གཅིག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་། …
བླ་མ་གཞུང་ལེན་པ་ཏྲེ་ཧོར་དགེ་བཤེས་ཡེ་ཤེས་ཆོས་འཕེལ་མཆོག་བླ་མ་གཞུང་ལེན་པའི་འགན་བཞེས་ཏེ་ལོ་དྲུག་ཚང་མཚམས། ༸རྒྱལ་བའི་ཕྱག་རྟགས་རིན་པོ་ཆེ་ཕེབས་ཟིན་པའི་མཁན་རིན་པོ་ཆེ་གསར་པ་ལྷོ་པ་དགེ་བཤེས་ཡེ་ཤེས་ལྷུན་འགྲུབ་མཆོག་གིས་བླ་མ་གཞུང་ལེན་པ་རྩེད་ཐང་དགེ་བཤེས་བསྟན་འཛིན་དཔལ་མཆོག་མཆོག་བླ་མ་གཞུང་ལེན་པ་བསྐོས་བཞག་གནང་ཡོད། དེ་ཡང་བོད་རྒྱལ་ལོ ༢༡༥༡ བོད་ཟླ་ ༦ པ་སྔ་མའི་པའི་ཚེས་ ༡༡ ཕྱི་ལོ་༢༠༢༤ ཟླ་བ་ ༧ ཚེས་ ༡༧ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོར་བླ་མ་གཞུང་ལེན་པ་གསར་པ་དགེ་བཤེས་བསྟན་འཛིན་དཔལ་མཆོག་མཆོག་རྩེད་ཐང་ཁམས་ཚན་ཚོགས་ཁང་གསར་པའི་ནང་ཁམས་ཚན་ཉེར་ལྔའི་ཁམས་རྒན་རྣམས་ཀྱིས་སྤོས་སྣེ་དང་བཅས་ཚོགས་ཁང་དུ་གདན་དྲངས་ཏེ་རྟེན་གསུམ་ཁག་ལ་མཇལ་དར་སྒྲོན་འབུལ་དང་། དཔལ་ལྡན་ཡོན་ཏན་མ་སོགས་ཞལ་འདོན་གནང་བ་སོགས་མཛད་སྒོ་གྲུབ་པ་དང་། སླར་ཡང་ཁམས་རྒན་རྣམས་ཀྱིས་སྤོས་སྣེ་དང་བཅས་གྲྭ་ཚང་གི་གཙུག་ལག་ཁང་དུ་གདན་དྲངས་ཏེ་ཐོར་འབྲུ་མེ་ཏོག་ཐོར་བ་སོགས་གདོང་གྲལ་དཀྱིལ་ནས་ཕྱག་འབུལ་བྱས་རྗེས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་རྟེན་གསུམ་མཇལ་དར་དང་རྟེན་གསུམ་རྣམས་ལ་སྙན་ཤལ་སོགས་ཀྱིས་མཆོད་སྤྲིན་བཏེགས་ཏེ་ཁྲིའི་སྟེང་དུ་འཁོད་གྲུབ། དེ་ནས་དབུ་མཛད་ཀྱིས་ཞལ་འདོན་དགའ་ལྡན་ལྷ་བརྒྱ་མ་དང་།ཤེར་སྙིང་།དཔལ་ལྡན་ཡོན་ཏན་མ།བཀྲ་ཤིས་སོགས་དབུ་སྐུལ་གནང་བ་དང་འབྲེལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་བྱས་ཏེ་ཞལ་འདོན་གྲུབ་མཚམས་གྲྭ་ཚང་རང་གི་ཕྱག་མཛོད་ཁྲི་པ་དགེ་བཤེས་འཇམ་དབྱངས་དབང་ཕྱུག་མཆོག་དང་། དབུ་མཛད་དགེ་བཤེས་གོ་བོ་ཨ་དགའ་མཆོག །ཁམས་ཚན་ཉེར་ལྔའི་ཁམས་རྒན་རྣམས་ཀྱིས་ཁྲིམས་བདག་དགེ་བསྐོས་གསར་པ་མཆོག་ལ་རིམ་གྱིས་བཀྲ་ཤིས་དར་དཀར་འབུལ་བ་སོགས་མཛད་སྒོ་གྲུབ་རྗེས། དཔལ་ལྡན་འབྲས་བློ་གླིང་གྲྭ་ཚང་ནས་ཞོགས་ཚོགས་འཁར་རྔ་བརྡུང་བ་དང་དགེ་འདུན་པ་རྣམས་ཚོགས་ཞུགས་གྲུབ་རྗེས་བླ་མ་གཞུང་ལེན་པ་གཉིས་ཀ་ཚོགས་སུ་ཕེབས་ཏེ་བཞུགས། ཚོགས་སུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་རིམ་དུ་སྨན་བླའི་གཟུགས་སྔགས་གསུང་གནང་དང་འབྲེལ་གཏོར་འབུལ་རྟ་ཆེན་ཡང་འཚོགས་གནང་། ཚོགས་གྲོལ་བ་དང་བླ་མ་གཞུང་ལེན་པ་གསར་རྙིང་གཉིས་ཀར་སོ་སོའི་ཁམས་ཚན་དུ་རྟེན་འབྲེལ་ལེགས་མཚོན་དང་ཐུགས་རྗེ་ལེགས་གསོལ་འབུལ་བ་སོགས་བྱས་ཏེ་མཛད་སྒོ་གྲོལ།
འདི་ལོའི་དབྱར་གནས་ནང་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་ནས། འཇམ་མགོན་༸རྒྱལ་བའི་གདུང་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག མཚུངས་མེད་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་བཅས་རྣམ་པ་གསུམ་ལ་བརྟན་བཞུགས་འབུལ་གཏན་འཁེལ་བའི་གསལ་བསྒྲགས།
དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ནས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་རྣམས་དང་། བོད་བསྟན་སྲིད་སྤྱིའི་བདེ་དོན། གྲྭ་ཚང་རིན་པོ་ཆེའི་མཁན་བླ་འདུས་མང་ཡོངས་དང་། འབྲེལ་ཡོད་སྦྱིན་བདག་རྣམ་པའི་སླད་དུ་ལོ་ལྟར་ཞབས་རིམ་གསོག་སྒྲུབ་ལྟར་འདི་ལོར་ཡང་གསལ་བསྒྲགས་ནང་གསལ་ཟླ་ཚེས་ལྟར་ཞབས་རིམ་འཚོགས་གཏན་འཁེལ་བ་ལགས་ན། འབྲེལ་ཡོད་ཚོས་དེ་ལུགས་དགོངས་འཇགས་ཞུ།
འབྲས་སྤུངས་བློ་གསལ་གླིང་སློབ་གྲྭར་དབྱིན་ཡིག་དགེ་རྒན་གྱི་ས་མིག་གཅིག་སྟོང་པ་ཡོད་ལགས་ན། ཐུགས་འདོད་ཡོད་རིགས་ནས་གསལ་བསྒྲགས་ནང་གསལ་ཁ་པར་དང་མྱུར་འཕྲིན་ཁ་བྱང་ཐོག་འབྲེལ་ལམ་ཡོང་བ་ཞུ།
གསལ་བསྒྲགས་སྔོན་སོང་ལྟར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་ལོ་སྔ་མའི་དབུ་མ་བཞི་བརྒྱ་པའི་གནང་འཕྲོ་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༤ ཉིན་རྒྱབ་ཆུ་ཚོད་དང་པོ་ནས་གནང་གཏན་འཁེལ་བའི་གསལ་བསྒྲགས།
༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཕུལ་བཞེས་མཛད་ནས་མི་ལོ་ ༡༦ འཁོར་བར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་འཚམས་འདྲིའི་ཤིས་ཚིག
འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་དངོས་ཁམས་རིག་པའི་དགེ་རྒན་གྱི་ས་མིག་གཅིག་སྟོང་པ་ཡོད་ལགས་ན། ཐུགས་འདོད་ཡོད་ནས་འབྲེལ་ལམ་གནང་རོགས།
རྒྱས་པ་དགེ་བཤེས་ངག་དབང་སངས་རྒྱས་མཆོག་ནི་ཕ་ཀུན་དགའ་རིན་ཆེན་དང་། མ་བསམ་སྐྱིད་གཉིས་ཀྱི་བུར་ཕྱི་ལོ་ ༡༩༦༥ ལོར་སྐྱེས་ཤིང་། རང་ལོ་བཅུ་དགུ་བར་གྲོང་གསེབ་ཏུ་སྒོ་ཕྱུགས་འཚོ་བའི་ཞར་ལ་བོད་ཡིག་འབྲི་ཀློག་སྦྱངས། ཕྱི་ལོ་ ༡༩༨༤ ཟླ་ ༥ ཚེས་ ༡ ཉིན་ཡུལ་དབུས་ཀྱི་གདན་ས་འབྲས་སྤུངས་སུ་སྒྲིག་ཞུགས་ཀྱིས་ ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ལམ་རིམ་རིན་པོ་ཆེའི་སྐུ་མདུན་ནས་དགེ་བསྙེན་དང་། བར་མ་རབ་བྱུང་། དགེ་ཚུལ་བཅས་ཀྱི་བསླབ་པ་དཀྱུས་ཅིག་ཏུ་ཞུས། རྒན་ལམ་རིམ་རིན་པོ་ཆེ་དང། མཁན་རིན་པོ་ཆེ་རྒན་བློ་བཟང་དངོས་གྲུབ་ཟུང་གི་ཞལ་སྔ་ནས་བསྡུས་གྲྭ་དང་། བློ་རིག རྟགས་རིགས་སོགས་དཔེ་ཁྲིད་དང་། ཁྱད་པར་དུ་རྒན་ལམ་རིམ་རིན་པོ་ཆེའི་ཞལ་སྔ་ནས་ལམ་རིམ་གསུང་ཆོས་དང་། རྒན་བློ་བཟང་ཚེ་རིང་དྲུང་ནས་སྒོ་མང་ཆོས་སྤྱོད་ཕལ་ཆེར་བའི་ཟུར་ཁྲིད་དང་བློ་རྒྱུགས་ཕུལ། ཕྱི་ལོ་ ༡༩༨༥ ལོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་མཁན་ཟུར་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་མཆོག་དང་། ཁྲི་ཟུར་རིན་པོ་ཆེ་བློ་བཟང་ཉི་མ། ཁྲི་རིན་པོ་ཆེ་བློ་བཟང་བསྟན་འཛིན། ཡོངས་ཀྱི་དགེ་བའི་བཤེས་གཉེན་རྒན་རྣམ་རྒྱལ་དབང་ཆེན་སོགས་བཤེས་གཉེན་བཅུ་ཕྲག་ལྷག་ཚུལ་བཞིན་བསྟེན་ཏེ། བསྡུས་གྲྭ་ནས་དབུ་འཛུགས་ཀྱིས་གཞུང་ཆེན་པོད་ལྔ་དང་ཐུན་མོང་རིག་གནས་བཅས་ལ་སློབ་གཉེར་གནང་ཞོར་དོན་གཉེར་ཅན་རྣམས་ལ་དཔེ་ཁྲིད་གནང་། ཕྱི་ལོ་ ༡༩༨༦ ལོར་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས་མཁན་པོ་མཛད་ཅིང་། དད་པའི་དགེ་འདུན་མཚན་ཉིད་ཚང་བའི་མདུན་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཕྱི་ལོ་ ༡༩༩༧ ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་ཁོངས་སུ་ཞུགས་ཏེ་མངོན་པའི་གཞུང་གཙོ་བོར་བྱས་ནས་གཞུང་པོད་ལྔ་དང་ཆོས་འབྱུང་རིག་གནས་སོགས་རྒྱུགས་སྤྲོད་ཀྱིས་ཕྱི་ལོ་ ༢༠༠༢ ལོར་དགེ་ལུགས་རྒྱུགས་སྤྲོད་ཡོངས་སུ་ཐོན། ཕྱི་ལོ་ ༢༠༠༣ ལོར་སྨོན་ལམ་ཆེན་མོར་གྲྭ་སྐོར་གནང་སྟེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་གཙོས་གསང་སྔགས་ལ་སློབ་གཉེར་ལོ་གཅིག་གནང་། …
འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་རྩིས་པ་ཞིག་དགོས་འདུག་ན། ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་འབྲེལ་བ་གནང་རོགས། ལས་ཁུངས་ཁ་པར་ཨང་། 9980001121 མྱུར་འཕྲིན་ཁ་བྱང་། loselingadmoffice@rediffmail.com