༢༠༡༧ ཟླ་ ༦ ཚེས་ ༡༠ ཉིན་རྒྱ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་དཔལ་ལྡན་ཆོས་རིག་ལས་ཁུངས་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་། འབྲས་སྤུངས་བློ་གསལ་གླིང་། བོད་གཞུང་དཔེ་མཛོད་བཅས་ཐུན་མོང་གི་གོ་སྒྲིག་འོག་བོད་རིགས་བཙུན་མ་རྣམས་ཀྱི་ཆེད་ཚན་རིག་སློབ་གཉེར་གྱི་ལས་གཞི་གསར་པ་ཞིག་གི་དབུ་འབྱེད་གནང་ཡོད།མཛད་སྒོའི་སྐུ་མགྲོན་དུ་འབྲས་སྤུངས་དང་། དགའ་ལྡན། བརྩེ་ཆེན་མདོ་སྔགས་ཆོས་གླིང་། རྭ་སྟོད་གྲྭ་ཚང་། བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ཀྱི་མཁན་རིན་པོ་ཆེ་རྣམས་དང་མཁན་ཚབ་རྣམ་པ། མོན་གྷོ་འདོད་རྒུ་གླིང་གི་ས་གནས་གཞིས་འགོ། བྱང་ཨ་མི་རི་ཁ་ནས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་གྱིས་གཙོས་པའི་ཆེད་མངགས་ཚན་རིག་སློབ་ཁྲིད་གནང་བར་ཕེབས་པའི་ཚན་རིག་གི་སློབ་དཔོན་མང་པོ་ཞིག་མཉམ་ཞུགསབྱས་ཡོད།དགེ་བཤེས་བློ་བཟང་བསྟན་འཛིན་གྱིས་ཇི་ལྟར་ངོ་སྤྲོད་གནང་བ་བཞིན་ལོ་རྒྱུས་རང་བཞིན་ལྡན་པའི་ལས་རིམ་གསར་པ་འདི་ནི་དཔལ་ལྡན་ཆོས་རིག་ལས་ཁུངས་དང་། དཔལ་ལྡན་མཁས་མང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་ནས་མཉམ་རུབ་ཐོག་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། བཙུན་མ་རང་གི་ཆེད་དུ་དམིགས་འཛུགས་བྱས་པའི་ལས་རིམ་འདིའི་ནང་བཙུན་དགོན་མི་འདྲ་བ་ཁག་ལྔ་ནས་མཉམ་ཞུགས་བྱས་ཡོད་པ་དང་། ཟླ་བ་གཅིག་ལྷག་གི་ཟབ་སྦྱོང་འདིར་བཙུན་མ་བཞི་བཅུ་ཞེ་གཅིག་གིས་ནུབ་ཕྱོགས་ཀྱི་ཚན་རིག་གི་ལྟ་གྲུབ་དང་། དངོས་ཁམས་རིག་པ། སྐྱེ་དངོས་རིག་པ། དབང་རྩ་ཚན་རིག་བཅས་ལ་སློབ་གཉེར་གནང་རྒྱུ་ཡིན་པ་རེད། ལས་རིམ་འདིའི་ངོ་བོ་དང་དམིགས་ཡུལ་ནི་དེ་སྔ་ ༢༠༡༤ ལོར་གདན་ས་ཆེན་པོ་གསུམ་དུ་ཚན་རིག་གི་སློབ་གཉེར་གསར་འཛུགས་གནང་བ་དང་མཚུངས་ཤིང་། དེ་ཡང་ཆོས་ཚན་ཟུང་འབྲེལ་གྱི་ཤིང་རྟ་ཆེན་པོ་༸སྤྱིར་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཕན་བདེ་བསྒྲུབ་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་གནས་ཐུབ་པ་ལ་དགེ་བཙུན་རྣམས་ཀྱིས་དཔལ་ནལནྜའི་ཆོས་བརྒྱུད་བཟང་པོ་འཛིན་པ་དེའི་ཐོག་དེང་དུས་རིག་གསར་གྱི་ཤེས་བྱ་རྣམས་ཤེས་གལ་ཆེ་བར་ཇི་སྐད་གསུངས་པའི་བཀའ་དགོངས་བསྒྲུབ་པའི་ཆེད་ཡིན་ལ་ན།
སྤྱི་ལོ་༢༠༡༧་ཟླ་བ་༦ ཚེས་༨་༩རེས་གཟའ་ཕུར་བུ་དང་པ་སངས་ཉིན་གཉིས་ཀྱི་དགོང་དྲོ་མཁས་མང་བློ་གསལ་གླིང་གྲྭ་ཚང་འདུ་མང་ནས་ས་ག་ཟླ་བའི་ཚེས་བཅུ་བཞི་དང་ཅོ་ལྔའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་ཏེ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པ་འབྲས་བློ་གླིང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ཡང་སྲིད་མྱུར་བྱོན་སླད་གཙོས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་རྣམས་སྐུ་ཚེ་བསྟན་པ་དང་། གྲྭ་ཚང་འདི་ཉིད་ཀྱི་སློབ་གཉེར་བ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་སློབ་གཉེར་མཐར་ཕྱིན་ཡོང་བ་སོགས་འདོར་ན་ཆོས་དོན་གྱི་བསམ་པ་རྣམས་འགེགས་མེད་ཡིད་བསམ་དུ་འགྲུབ་པའི་སླད་དུ་ཉིན་གུང་ཆུ་ཚོད་གསུམ་པ་ནས་ཕྱི་དྲོ་ཆུ་ཚོད་བཅུ་གཉིས་ཙམ་ལ་ལེགས་བཤད་སྙིང་པོ་ཆ་ཚང་བ་ཞིག་དང་ཕྱི་ཉིན་དགོང་དྲོ་དེ་བཞིན་འཇམ་དཔལ་མཚན་བརྗོད་གྲངས་བསོགས་ལེགས་པ་ཞིག་གྲུབ་སོང་།
རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གསར་བཙུགས་ལེགས་གྲུབ་བྱུང་ཏེ། ཨ་རི་ཨེ་མོ་རི་མཐོ་སློབ་ཀྱི་མཁས་དབང་རྣམ་པ་ཆེད་ཕེབས་ཀྱིས་ཚན་རིག་ཟབ་སྦྱོང་ཆེན་མོ་ཐེངས་བཞི་པ་འཚོགས་བཞིན་པ།དུས་ཚོད། —ཟླ་ 5 པའི་ཚེས་ 17 ནས། ཟླ་ 6 ཚེས 20 བར།སློབ་ཚན།— ལྟ་གྲུབ་རིག་པ། དངོས་ཁམས་ཚན་རིག སྐྱེ་དངོས་ཚན་རིག ཚེ་སྲོག དབང་རྩ་ཚན་རིགདགེ་རྒན། — ཨ་རི་ཨེ་མོ་རི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་རྣམ་པ།སློབ་མ། — འཛིན་གྲྭ་ཁག་བཞི་དང་། འཛིན་གྲྭ་རེར་སློབ་མ་བརྒྱ་ནས་བརྒྱ་དང་ལྔ་བཅུ་བར།བྱེད་སྒོ། — ཤར་ནུབ་ཤེས་ཡོན་བརྗེ་ལེན་དང་། དགོང་དྲོར་ཨ་རི་ཨེ་མོ་རི་མཐོ་སློབ་ཀྱི་སློབ་མ་རྣམས་ལ་ནང་ཆོས་ངོ་སྤྲོད་དང་། དྲི་བ་དྲིས་ལན། ༢༣/༥/༢༠༡༧/2017/5/17ཉིན་ དབྱར་ཁའི་ཚན་རིག་ཟབ་སྦྱོང་ཨེ་མོ་རི་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་གོ་སྒྲིགས་འོག་འབྲས་བློ་གླིང་ཚན་རིག་དང་སྒོམ་སྒྲུབ་ལྟེ་གནས་ཁང་དུ་ཟླ་བ་གཅིག་གི་རིང་ཚན་རིག་ཟབ་སྦྱོང་དབུ་འཛུགས་གནང་སོང་།
༈ འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པ་འབྲས་བློ་གླིང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགོངས་པ་གཞན་དུ་གཏད་པར་སྙིགས་མའི་དུས་འདིར་བོད་བརྒྱུད་ནང་བསྟན་སྤྱི་དང་སྒོས་སུ་རི་བོ་དགེ་ལྡན་པའི་བསྟན་པའི་ཉིན་བྱེད་དབང་པོ་ཞིག་མེད་པར་གྱུར་པས་འབྲས་བློ་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ལ་བཟོད་དཀའི་སྡུག་བསྔལ་བྱུང་ཞིང་།སྐྱབས་རྗེ་བདེ་བར་གཤེགས་པ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པ་ཆོས་རྗེ་བློ་བཟང་བསྟན་འཛིན་ནི། རབ་བྱུང་བཅུ་དྲུག་པའི་མེ་གླང་(༡༩༣༧)ལོར་བོད་ཤར་ཕྱོགས་མདོ་སྟོད་(དེང་སང་ཡུ་ནན་ཞིང་ཆེན་གྱི་མངའ་ཁོངས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁམས་ཡ་ར་) གཡག་རྭ་མཚམས་དགོན་པའི་ཤར་ལྷུ་རི་སྟོད་སད་ཅེས་པའི་ཞིང་པ་འབྲིང་པོ་ཞིག་གི་ཁྱིམ་དུ། ཡབ་རྟ་ཚོགས་དང་། ཡུམ་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་དཔལྡན་མཚམས་དགོན་པའི་ཆོགས་སྒོར་ཞུགས། དགེ་དཀོན་མཆོག་ཚུལ་ཁྲིམས་བཤེས་གཉེན་དུ་བསྟེན་ནས་བླ་མ་མཆོད་པ་དང་། ཀུན་རིག གྲྭ་ཚང་གི་འདོན་ཆོས་ཡོངས་རྫོགས་བློ་འཛིན་གྱིས་ཚོགས་དབུས་སུ་རྒྱུགས་ཕུལ་གནང་ཞིང་གྲྭ་ཚང་ནས་བྱ་དགའ་དང་གཟེངས་བསྟོད་རྒྱ་ཆེར་ཐོབ། གཡག་རྭ་ཁང་གསར་རིན་པོ་ཆེའི་ཞལ་སྔ་ནས་དབང་ལུང་མང་དུ་གསན། ཕྱི་ལོ་༡༩༥༣དགུང་ལོ་བཅུ་བདུན་ཐོག་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཕེབས། ཕ་ཡུལ་ནས་ཐོན་ཁར་དགེ་རྒན་ཕ་མ་སོགས་ཀྱིས་བསླབ་བྱ་མང་དུ་གནང་བའི་ནང་ནས་ཨ་མ་ལགས་ནས་བུ་ཁྱོད་གྲྭ་སར་སོང་ནས་དཔེ་ཆར་ཡག་པོ་བལྟ་དགོས། ང་ཚོའི་མི་ཐོག་ལ་དགའ་ལྡན་ཤར་རྩེའི་མཁན་པོ་བྱུང་ཡོད། ཁྱོད་ངའི་ཁོག་པར་ཡོད་དུས་ང་ལ་རྨི་ལམ་བཟང་པོ་བཏང་ཡོད། ངས་སྨོན་ལམ་རྒྱག་བཞིན་ཡོད་གསུངས་པ་ད་ལྟ་ཡང་དྲན་གྱིན་འདུག་ཅེས་རྗེ་འདིའི་ཞལ་ལས་ཐོས། ལྷ་ལྡན་དུ་ཕེབས་རྗེས་མཁས་མང་བློ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་གནང་། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་མཆོག་དང་། སྐབས་དེའི་གྲྭ་ཚང་མཁན་པོ་དགེ་པདྨ་རྒྱལ་མཚན། ཤག་སྐོར་མཁན་པོ་དགེ་ཉི་མ་རྒྱལ་མཚན། ཏྲེ་ཧོར་དགེ་བློ་བཟང་དོན་འགྲུབ་སོགས་གཙུག་གི་རྒྱན་དུ་བསྟེན་ནས། རིགས་ལམ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་སྐབས་བཞི་པའི་བར་འཕགས་བོད་ཀྱི་གཞུང་ལུགས་དུ་མར་གསན་བསམ་རྒྱ་ཆེར་གནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སོགས་ཀྱི་ཞལ་སྔ་ནས་དུས་དབང་དང་ལམ་རིམ་སོགས་དབང་ལུང་དུ་མ་མནོས། ཕྱི་ལོ་༡༩༥༩)ལོར་རྒྱ་ནག་དྲག་པོའི་སྲིད་གཞུང་གིས་བོད་ས་བཙན་བཟུང་བྱེད་སྐབས་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་ཕེབས། བྱེས་ཀྱི་ཆོས་སྡེ་དང་པོ་སྦག་ས་ཆོས་སྒར་ནས་སྔར་གྱི་གསན་བསམ་འཕྲོ་མཐུད་གནང་། ཕྱི་ལོ་༡༩༦༤)ལོར་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་མནོས། ཕྱི་ལོ་༡༩༦༩)ལོར་༧གོང་ས་མཆོག་གི་བཀའ་དགོངས་ལྟར་སྦག་ས་ཆོས་སྒར་ལྷོ་ཕྱོགས་སུ་གཞིས་སྤོ་བྱེད་སྐབས་གྲྭ་མང་སྤྱི་མཚུངས་ལྟར་དེར་ཕེབས་ནས། འབྲོག་ལས་དང་ཕྱག་མཛོད་སོགས་བླ་སྤྱི་དང་གྲྭ་ཚང་ལ་སྨན་པའི་ངལ་དུབ་ཆེ་བའི་ཕྱག་ལས་རྒྱ་ཆེར་གནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ནས་དུས་དབང་དང་། ལམ་རིམ་གྱི་གསུང་ཆོས་སོགས་དབང་ལུང་མན་ངག་རྒྱ་ཆེར་མནོས་པའི་སྐལ་བཟང་སླར་ཡང་ཐོབ། འབྲས་སྤུངས་ཚོགས་ཆེན་དང་། སེར་བྱེས་གྲྭ་ཚང་སོགས་སུ་༧གོང་ས་མཆོག་གི་སྐུ་མདུན་དུ་དམ་འཇོག་དང་། རྟགས་བསལ་གཏོང་བ་སོགས་ཐེངས་འགར་གནང་། གྲྭ་ཚང་དུ་གཞུང་ཆེན་ལྔ་ལ་དགེ་བཤེས་བཀའ་རྒྱུགས་ཀྱི་དམ་འཇོག་སྐབས་གྲྭ་ཚང་མཁན་རིན་པོ་ཆེ་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་གནང་།ཕྱི་ལོ་༡༩༧༧)ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་ཁུངས་སུ་ཞུགས་ནས་བཀའ་རམས་དང་། སློབ་དཔོན། ལྷ་རམས་བཅས་ལ་རྒྱུགས་སྤྲོད་ལོ་བདུན་རིང་ཨང་དང་པོའི་རྩེ་ཕུད་ཤ་སྟག་བླངས་གནང་ཡོད། ཕྱི་ལོ་༡༩༨༢)ལོར་གདན་གསུམ་སྨོན་ལམ་ཆེན་པོའི་སྐབས་མཁས་དབང་བརྒྱ་ཕྲག་དང་། དགེ་འདུན་སྟོང་ཚོ་འདུས་པའི་དབུས་སུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཕུལ། …
ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༦ ཉིན། རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན་པོ་འཁོན་རིགས་བསྟན་པའི་གསལ་བྱེད་༸དཔལ་ས་སྐྱ་གོང་མ་༸སྐྱབས་མགོན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ཉིན་རྒྱབ་ཆུ་ཚོད་ ༥:༤༠ ་ཐོག་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་བྱེ་བའི་གླིང་དུ་གནས་གཟིགས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ་དང་འདི་གར་མཁན་བླ་འདུས་མང་ཡོངས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་སེར་སྦྲེངས་གཟབ་རྒྱས་ཞུས་ཡོད་ལ་ན།
འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་དང་། དད་ལྡན་སྦྱིན་བདག་ཁག་ནས་གསོལ་འདེབས་ཞུས་དོན་བཞིན། ཁྱབ་བདག་བཀའ་འགྱུར་བ་༧སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་བྲག་གཡབ་རྟོགས་ལྡན་སྤྲུལ་སྐུ་༧རྗེ་བཙུན་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ཞལ་ནས་ཞལ་བཞེས་བཟང་པོ་ལེགས་པར་ཐོབ་པ་ལྟར། བོད་ཟླ་ ༢ ཚེས་ ༡༧ ནས་བོད་ཟླ་ ༣ ཚེས་ ༣ བར་དང་། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༣ ནས་ཟླ་ ༤ ཚེས་ ༢༩ བར་ཏེ། ཁྱོན་ཉིན་གྲངས་བཅུ་བདུན་རིང་ལ་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྤྲུལ་པའི་གཙུག་ལག་ཁང་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཡབ་སྲས་གསུམ་གྱི་གསུང་འབུམ་ལྗགས་ལུང་གནང་བཞིན་པ་འདི་དྲ་ལམ་ཁག་ཏུ་ཐད་གར་གཟུགས་བརྙན་ཡོད་དང་གཟུགས་བརྙན་མེད་གཉིས་དུས་གཅིག་ཏུ་གཟིགས་འབུལ་ཞུ་ཡོད་ལ་ན།དུས་ཚོད།༡༣/༤/༡༧ ཉིན་རྒྱབ་ཆོུད་༢ནས་༥ བར།༡༤/༤/༡༧ ཉིན་རྒྱབ་ཆོུད་༢ནས་༥ བར།༡༥/༤ ནས་༢༩/༤/༡༧ བར་ཞོགས་པ་ཆོུད་༨/༡༡བར་དང་ཉིན་རྒྱབ་ཆོུད་༢/༥ བར་རེད་འདུག། གཟུགས་བརྙན་ཡོད་པའི་དྲྭ་ཚིགས་ www.youtube.com/channel/UCEfPIct5aq4VxSPM69fcQ4A/live སྒྲ་ཉན་ཁོ་ན། http://www.youtube.com/channel/UC7sBD7-cLjqr-HKUh7B6W5A/live
དཔལ་ལྡན་འབྲས་དཀར་སྤུངས་པའི་མཁས་མང་བློ་གསལ་བྱེ་བའི་གླིང་གི་ཡ་གྱལ་ཉང་པོ་ཁམས་ཚན་གྱི་དགེ་བཤེས་བློ་བཟང་ཆོས་འབྱོར་མཆོག་ནི་འདི་ལོར་དགུང་གྲངས་(༩༡)པའི་སྐུ་ཉིད་༢༠༡༧ ཕྱི་ཟླ་༣ ཕྱི་ཚེས་ ༡༣ དགོངས་པ་གཞན་དོན་དུ་གཤེགས་ཏེ་ཉིན་བཅུ་བཞི་རིང་་ཐུགས་དམ་བཞུགས་ཡོད་པ་དང་དེའི་རིང་འདི་ཕྱོགས་ཀྱི་ཚ་ཚད་ཨང་༣༧ ནས་༣༨ བར་སླེབས་ཡོད་ཀྱང་སྐུ་ཡི་རྣམ་པར་འགྱུར་བ་ཅུང་ཟད་ཀྱང་མེད་པར་ཐུགས་དམ་ལ་ལེགས་པར་བཞུགས་པ་ནི་རྣལ་འབྱོར་བའི་ནང་གི་རྟོགས་པའི་ཉམས་སྣང་ཕྱི་རུ་མངོན་པའི་ཟབ་མོ་སྔགས་ཀྱི་ནུས་མཐུ་བྱིན་རླབས་རྨ་མེད་པ་ཁོ་ནར་ངེས། དགེ་བཤེས་བློ་བཟང་ཆོས་འབྱོར་ལགས་ནི་ལྷ་ས་རུ་ཡབ་ཕུར་བུ་བྱང་ཆུབ་དང་ཡུམ་སྐལ་བཟང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ལོ་ ༡༩༢༨ ལོར་མཁས་མང་བློ་གསལ་གླིང་གི་ཆོས་སྒོར་ཞུགས་སྟེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་རིག་འཛིན་བསྟན་པ་སོགས་བཤེས་གཉེན་དུ་མའི་དྲུང་དུ་གཞུང་ཆེན་མོ་སློབ་གཉེར་གནང་། ཕྱི་ལོ་ ༡༩༢༨ ལོར་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་གནང་ཞོར་ འདོན་བཟང་སྐད་བཟང་ནང་ཞུགས་ནས་འདོན་རྟ་དབྱངས་སོགས་ལ་ལེགས་པར་སྦྱངས། ཕྱི་ལོ་ ༡༩༣༥ ལོར་དགའ་ལྡན་ཁྲི་རིན་པོ་ཆེ་མི་ཉག་ཡེ་ཤེས་དབང་ལྡན་མཆོག་གི་སྐུ་མདུན་དུ་དགེ་ཚུལ་གྱི་སྡོམ་པ་དང་། མཁས་ མང་བློ་གསལ་གླིང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་པདྨ་རྒྱལ་མཚན་མཆོག་ནས་དགེ་སློང་གི་སྡོམ་པ་ཞུས། ཕྱི་ལོ་ ༡༩༥༩ ལོར་མོན་ བརྒྱུད་རྒྱ་གར་དུ་ཕེབས་ནས་སྦག་ས་དང་མོན་གྷོ་བཅས་ལ་སློབ་གཉེར་གནང་ཏེ་ཕྱི་ལོ་ ༡༩༨༥ ལོར་དགེ་བཤེས་ཚོགས་རམས་པའི་ མཚན་གནས་བཞེས། ཁོང་གིས་གྲྭ་ཚང་གཉེར་པ་དང་དགེ་བསྐོས། རྒྱུད་སྨད་པའི་དགེ་བསྐོས་ཡང་གནང་ཡོད་པ་མ་ཟད་མཁས་མང་བློ་གསལ་གླིང་གི་འདོན་རྟ་དབྱངས་ཀྱི་ཁུངས་གཏུགས་ས་ངེས་པ་དོན་གྱི་སྦས་པའི་རྣལ་འབྱོར་པ་ཞིག་ཀྱང་ཡིན་ལ།
༧སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་པ་ཆོས་རྗེ༧རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་མཛད་པའི་ཚབ་ཏུ་བྱེས་ཀྱི་གདན་ས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་ཚུལ་ཁང་ཁང་ཚན་གྱི་རྒྱུད་སྟོད་མཁན་ཟུར་བློ་བཟང་རྡོ་རྗེ་མཆོག༢༠༡༦ཟླབ ༡༢ ཚེས་ ༡༧ ཉིན་ཤར་པ་ཆོས་རྗེར་བསྐོ་གཞག་མཛད་པའི་བཀའ་ཡིག་བསྩལ་བ་ལྟར། ཟླ་ ༡༢ ཚེས་ ༢༣ སྟེ་དགའ་ལྡན་ལྔ་མཆོད་ཀྱི་དུས་ཁྱད་ཉིན་མོར་ཤར་པ་ཆོས་རྗེ་མཆོག་གདན་ས་དགའ་ལྡན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤར་པ་ཆོས་རྗེའི་མཛད་འགན་བཞེས་པའི་གསར་མཇལ་སོགས་ཞུས་གནང་ཡོད། ༢༠༡༧ལོའི་ཟླ་བ་ ༢ ཚེས ༡༩ ཉིན་ཤར་པ་ཆོས་རྗེ་༧རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་༧ རྗེ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆིབས་ཐོན་གནང་སྟེ་དགའ་ལྡན་བླ་སྤྱི་དང་། ཤར་རྩེ་གྲྭ་ཚང་། ཕུ་ཁང་ཁམས་ཚན་བཅས་ནས་ཕེབས་བསུ་མཛད་སྒོ་གནང་བ་དང་། ཕྱི་ཉིན་དགའ་ལྡན་ཚོགས་ཆེན་དུ་མཁས་མང་འདུས་པ་རྒྱ་མཚོ་ཚོགས་འཚོགས་པའི་དབུས་སུ་སྤྱན་རྒྱ་སྤོས་སྣེ་དང་གདན་ཞུས་གནང་སྟེ་སྐུ་ཕྱག་གྲུབ་མཚམས་ཐུགས་སྨོན་དང་འབྲེལ་བའི་ཐོར་ནས་གཏོར་བ་དང་། རྟེན་གསུམ་ཁག་ལ་སྙན་ཤལ། དཀར་མེ་ཞལ་ཕྱེ། གནས་གཟིགས་གྲུབ་རྗེས་བཞུགས་ཁྲིར་འཁོད། དེ་ནས་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། བླ་སྤྱིའི་ལས་སྣེ་ཚོས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཞུ་སོགས་བྱས། དེ་ནས་ཤར་རྩེ་ཆོས་རའི་འདུས་མང་ལ་གསུང་ཆོས་སོགས་ལེགས་པར་གྲུབ་རྗེས། དེ་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་དུ་ཆིབས་ཞལ་བསྒྱུར་ཏེ་མཁས་མང་བློ་གསལ་གླིང་འདུས་མང་གིས་སེར་སྦྲེང་གི་ཐོག་ནས་ཕེབས་བསུ་དང་། གཙུག་ལག་འདུ་ཁང་ནང་ཕེབས་པར་གྲུབ་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲས་སིལ་སོགས་འབུལ་བར་བྱས་ཏེ་བཀྲ་ཤིས་དབྱངས་ཀྱི་མཆོད་སྤྲིན་དཀྲིགས། དེ་ནས་འབྲས་བློ་གླིང་ཚུལ་ཁང་ཁམས་ཚན་དུ་ཆིབས་བསྒྱུར་གྱིས་སྤོས་སྣེ་མཇལ་དར་གྱིས་ཕེབས་བསུ་ཞུས་ཏེ་བཞུགས་ཁྲི་ལ་འཁོད་མཚམས། དབུ་མཛད་ཀྱིས་བཀྲ་ཤིས་པའི་ཚིགས་བཟང་དང་ཞབས་བརྟན་ཁག་བཅས་དབུ་སྐུལ་གནང་ན་དང་། གསོལ་ཇ་འབྲས་སིལ་སོགས་འདེགས་འབུས་བྱས། འབྲས་བླ་སྤྱི་དང་གྲྭ་ཚང་ཁམས་ཚན་ཁག་དང་འབྲེལ་ཡོད་ཁག་གཅིག་ནས་ཎྜལ་རྟེན་གསུམ་འདེགས་འབུལ་དང་གྲྭ་མང་གིས་མཇལ་དར་སོགས་འབུལ་བར་བྱས་ཏེ་མཛད་སྒོ་གྲོལ། …
༢༠༡༧ ཟླ་བ་ ༡ ཚེས་ ༢༢ ཉིན་ནས་དབུ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་ཚད་མ་རྣམ་འགྲེལ་གྱི་འཇང་དགུན་ཆོས་ཆེན་མོ་ཐེངས་ ༢༧ པ་དབུ་འཛུགས་གནང་ཡོད་པ་དང་། དུས་ཡུན་ཉིན་གྲངས་ ༢༢ རིང་ཚོགས་གནང་གི་ཡོད་པ་རེད།ཐེངས་འདིའིི་འཇང་དགུན་ཆོས་ནང་གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་དྲུག་དང་བཀྲིས་ལྷུན་པོ། རྭ་སྟོད་གྲ་ཚང་། དྷ་ས་ཁུལ་ནས་རྣམ་རྒྱལ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་། རྫོང་དཀར་ཆོས་སྡེ་གྲྭ་ཚང་། རྒྱུད་སྨད་གྲྭ་ཚང་། དྭགས་པོ་བཤད་སྒྲུབ་གླིང་དགོན། ས་ལུ་སྒར་སྲད་རྒྱུད་གྲྭ་ཚང་། བལ་ཡུལ་ནས་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དང་། གྲུབ་ཐོབ་དགོན་པ་སོགས་མཉམ་ཞུགས་གནང་ཡོད།འཇང་དགུན་ཆོས་དེ་ནི་རྒྱ་གར་གྱི་དཔལ་ན་ལེནྡྲའི་སློབ་དཔོན་ཆེན་མོ་དཔལ་ལྡན་ཕྱོགས་ཀྱི་གླང་པོས་ཐུགས་སྨོན་གནང་བ་ལས་བྱུང་བའི་ངོ་མཚར་ཅན་གྱི་ལོ་རྒྱུས་ཡོད་པ་དང་། དེ་སྔ་བོད་དབུས་ལྷ་ས་ཉེ་ཁུལ་རྭ་སྟོད་གྲྭ་ཚང་དང་ཆེས་ཉེ་བའི་འཇང་ཞེས་པའི་ས་གནས་སུ་ལོ་ལྟར་ཚོགས་སྲོལ་ཡོད་པ་ཞིག་ཡིན་པ་རེད།བོད་ལ་དུས་འགྱུར་བྱུང་རྗེས་བཙན་བྱོལ་ནང་ཕྱི་ལོ་ ༡༩༨༠ ནང་སླར་ཡང་མགོ་འཛུགས་ཀྱིས་ཚོགས་སྲོལ་གཏོད་པ་དང་ད་ལྟའི་ཆར་འཇང་དགུན་ཆོས་སྐབས་ ༢༧ བར་སླེབས་ཡོད་པ་དང་། དེའི་དགོས་དོན་གཙོ་བོ་ནི་སློབ་གཉེར་བའི་རིག་པ་དང་རྩོད་པ་གོང་འཕེལ་ཡོང་བར་ཆེད་དམིགས་གནང་བ་ཞིག་ཡིན། གདན་ས་འབྲས་སྤུངས་ལ་ཚད་མ་རྣམ་འབྲེལ་གྱི་འཇང་དགུན་ཆོས་ཚོགས་བཞིན་པ་དང་ཆབས་ཅིག་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་གདན་ས་དགའ་ལྡན་ལའང་དགེ་འདུན་པ་ ༥༠༠ ཙམ་ནས་དབུ་མ་དང་ཕར་ཕྱིན་ཐོག་རྩོད་པའི་ཆོས་ཐོག་ཆེན་མོ་ཞིག་གསར་དུ་འཚོགས་བཞིན་ཡོད་པ་རེད།གཞི་རྩའི་ཚེས་ ༢༢ ཉིན་འཇང་དགུན་ཆོས་ཀྱི་ཆེས་ཐོག་མའི་སྐབས་གདན་ས་འབྲས་སྤུངས་ཀྱི་མཁན་པོ་རྣམ་པ་གཉིས་དང་ཁྲིམས་བདག་དགེ་བསྐོས་གཉིས་བཅས་ཀྱིས་སྒྲིག་ལམ་ཀུན་སྤྱོད་ཁྱེར་ཕྱོགས་སྐོར་ལམ་སྟོན་གནང་བ་དང་། འཇང་དགུན་ཆོས་ཐེངས་ ༢༦ དེ་སྔ་ལོ་གདན་ས་དགའ་ལྡན་དུ་ཚོགས་ཡོད་པ་དང་ལོ་རྗེས་མའི་དགུན་ཆོས་ཐེངས་ ༢༨ དེ་སེ་ར་ཐེག་ཆེན་གླིང་དུ་འཚོགས་གཏན་འཁེལ་ཡོད་པ་མ་ཟད། སྐབས་དེར་ཕར་ཕྱིན་དང་དབུ་མའི་ཆོས་ཐོག་ཆེན་མོ་ཡང་མུ་མཐུད་འཚོགས་རྒྱུ་རེད་འདུག ཚེས་ ༥ …
ཕྱི་ལོ། ༢༠༡༦ ཟླ་བ་ ༡༢ ཚེས་ ༡༦ ཉིན་སྔ་དྲོ་ཚོུད་ ༡༡།༠༠ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་ནས་མཁའ་ལམ་བརྒྱུད་ཧུབ་ལི་གནམ་ཐང་དང་། དེ་ནས་ཆིབས་གྲུ་ནང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིགས་སྒར་མོནགྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་འབྲས་སྤུངས་ཚོགས་ཆེན་དུ་༸ཞབས་སོར་བདེ་བར་འཁོད་པར་གཞུང་འབྲེལ་དང་གཞུང་མིན་པའི་ཚོགས་ཁག་གི་གནད་ཡོད་མི་སྣ་སོགས་ཆེད་བཅར་གྱིས་ཕེབས་བསུ་ཞུས་པ་དང་། མོན་གྷོ་འདོད་རྒུ་གླིང་གི་ཕེབས་ལམ་གཡས་གཡོན་དུ་ས་གནས་བོད་མི་སེར་སྐྱ་མང་ཚོགས་ཚོས་ཕྱག་ཏུ་དཀར་གཙང་གི་མཇལ་དར་སོགས་བསྣམས་ཏེ་དགའ་གུས་ཆེན་པོས་༸གང་ཉིད་མཆོག་ལ་ཕེབས་བསུ་ཞུས་པ་མ་ཟད། འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་གྱི་སྒོ་འགྲམ་དུ་དགའ་ལྡན་ཁྲི་པ་གསར་རྙིང་དབུས་པའི་བྱང་རྩེ་ཆོས་རྗེ་རིན་པོ་ཆེ། འབྲས་སྤུངས་ཁྲི་པ་སོགས་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ནས་༸གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།དེ་ནས་ཟླ་ ༡༢ ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༨།༠༠ ཡོལ་ཙམ་ནས་ཉིན་གསུམ་རིང་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དུ་ནང་ཆོས་དང་ཚན་རིག་དབར་ཕན་ཚུན་ལེགས་སྤེལ་གྱི་འབྲེལ་ལམ་འཛུགས་པ་ཞེས་པའི་ཨེ་མོ་རི་དང་བོད་ཀྱི་ཆེད་བསྡུས་ནང་ཆོས་དང་ཚན་རིག་མཁས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ་མཆོག་གིས་དབུས་གདན་ས་ཁག་གི་མཁན་པོ་དང་མཁན་ཟུར། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག རྒྱལ་སྤྱིའི་རིམ་པར་མིང་གྲགས་ཅན་གྱི་ཚན་རིག་པ་ཆེད་མཁས་ཁག་གཅིག ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག རྒྱལ་སྤྱིའི་རིམ་པར་མིང་གྲགས་ཅན་གྱི་ཚན་རིག་པ་ཆེད་མཁས་ཁག་གཅིག་དང་བློ་གླིང་དགེ་བཤེས་བློ་བཟང་བསྟན་འཛིན་དང་བོད་ཀྱི་དཔེ་མཛོད་མགོན་འཛིན་བློ་གླིང་དགེ་བཤེས་ལྟག་རྡོ་གཙོས་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བ་དེང་རབས་ཚན་རིག་ལ་སྦྱངས་པ་ཅན་བློ་གླིང་དགེ་བཤེས་ལྟག་རབ་པ་ཏྲེ་ཧོར་བསོད་ནམས་ཆོས་ཕེལ་དང་ཏྲེ་ཧོར་དགེ་ལེགས་རྒྱ་མཚོ་གཞན་ཡང་སེར་བྱེས་ཧར་གདོང་ཁམས་ཚན་གྱི་རྒན་ཐབས་མཁས་ལགས་དང་སེར་བྱེས་ཏྲེ་ཧོར་ཁམས་ཚན་བསོད་ནམས་དབང་ཕྱུག་སོགས་ཁག་གཅིག་དང་དེ་བཞིན་དགོན་སྡེ་གྲྭ་ཚང་ཁག་དང་མོན་གྷོ་འདོད་རྒུ་གླིིང་གཏན་སློབ་བཅས་ལྷན་འཛོམས་ཐོག་བགྲོ་གླེང་དབུ་འཛུགས་གནང་ཡོད བརྗོད་གཞི་ནི་འཛམ་གླིང་འདི་ཐོག་མར་ཇི་ལྟར་ཆགས་ཡོད་མེད་སྐོར་དང་དེང་དུས་ཚན་རིག་གི་གཟའ་སྐར་རིག་པ་དང་སྐྱེ་དངོས་རིག་པ་དེ་རྟེན་བྱུང་གི་ཚན་རིགའི་སྐོར་དང་གོ་ལའི་སྟེང་ཚེ་སྲོག་ཇི་ལྟར་ཆགས་ཚུལ་སོགས་འདྲ་མིན་ཐོག་གནང་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་ཐོག་མར་བགྲོ་གླེང་ཚོགས་ཆེན་འདིའི་ཐོག་ཕེབས་མཁན་རྣམས་པར་དབྱིན་སྐད་ཐོག་ནས་འཚམས་འདྲིའི་གསུང་བཤད་གནང་པ་དང་སྦྲགས། ༸གོང་ས་མཆོག་གིས་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ངོ་ ༦༠༠ འགྲོ་བཞིན་པ་དང་དེའི་རིང་རྒྱལ་དབང་སྐུ་ཕྲེང་གཉིས་པས་འབྲས་སྤུངས་དགོན་པའི་མཁན་པོ་གནང་ཞིང་༸གོང་ས་ལྔ་པ་ཡང་འབྲས་སྤུངས་དགོན་པ་ནས་ཡིན་པ་སོགས་རྒྱལ་དབང་སྐུ་ཕྲེང་དང་འབྲས་སྤུངས་དགོན་པའི་བར་གྱི་དམིགས་བསལ་འབྲེལ་བའི་སྐོར་སོགས་བཀའ་སློབ་བསྩལ་བ་མ་ཟད། བགྲོ་གླེང་གི་གལ་ཆེའི་རང་བཞིན་དང་ལྷག་དོན་འདས་པའི་དུས་ཡུན་ལོ་ ༣༠ ཙམ་རིང་ཚན་རིག་དང་ནང་ཆོས་དབར་གྱི་འབྲེལ་བའི་འཕེལ་རིམ་དང་གྲུབ་འབྲས་ཇི་སོན་བཅས་ཀྱི་སྐོར་བཀའ་སློབ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་བོད་སྐད་ཐོག་ནས་ནང་ཆོས་དང་ཚན་རིག་བར་གྱི་འབྲེལ་བའི་བརྒྱུད་རིམ་སྐོར་ལ་ངོ་སྤྲོད་གསུང་གནང་པ་དང་ཆབས་ཅིག ད་བར་ཚན་རིག་པ་དང་འབྲེལ་བ་གནང་པའི་བརྒྱུད་རིམ་ནང་ཚན་རིག་པས་ནང་པའི་སེམས་ཁམས་རིག་པར་དོ་སྣང་བྱེད་འགོ་བཙུགས་ཟིན་པ་དང་། ཕྱིའི་འཇིག་རྟེན་ཆགས་རབས་སྐོར་ནང་པའི་གཞུང་ནས་གསུང་པའི་རིའི་རྒྱལ་པོ་རི་རབས་ཡོད་པ་སྒྲུབ་ཐུབ་མེད་སྐོར་གསུངས་སོང་། ཚན་རིག་དང་ནང་ཆོས་ཀྱི་འབྲེལ་བའི་བརྒྱུད་རིམ་ནང་ནང་པ་སངས་རྒྱས་པའི་གཞུང་ཁག་ནང་སྣོད་ཀྱི་འཇིག་རྟེན་གྱི་ཆགས་དབྱིབས་སྐོར་གཅིག་གྱུར་ཞིག་མེད་ཀྱང་དེར་གནད་འགག་དེ་ཙམ་གཟིགས་ཀྱི་མེད་སྐོར་གསུངས་པ་དང་། ལྷག་དོན་༸གང་ཉིད་མཆོག་གིས་སྣོད་བཅུད་ཀྱི་འཇིགས་རྟེན་ཆགས་རབས་སྐོར་ལ་ནང་པ་ལས་ཚན་རིག་པ་ཞིབ་ཚགས་པ་ཡོད་སྟབས་ཚན་རིག་དང་ནང་ཆོས་དབར་ཕན་ཚུལ་ལེགས་ཆ་མང་པོ་ཞིག་ལེན་རྒྱུ་ཡོད་སྐོར་བཀའ་སློབ་གནང་ཡོད། ཚན་རིག་བགྲོ་གླེང་གི་བརྗོད་གཞིའི་ནང་དུས་རབས་ ༢༡ …