བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ཕྱི་ལོ་ ༢༠༡༦ ཟླ་བ་ ༡༢ ཚེས་ ༡༨ རེས་ གཟའ་ཉི་མ་ཉིན་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དགེ་ལྡན་བསྟན་པའི་ཉིན་བྱེད་མཁས་པའི་དབང་པོ་འབྲས་བློ་གླིང་ཕུ་ཁང་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པར་མངའ་གསོལ་ཞུས་ཚབ་ཏུ། དབང་ལུང་མན་ངག་དུ་མས་མཛོད་འཛིན་པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་འབྲས་བློ་གླིང་ཚུལ་ཁང་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ལ་ཤར་པ་ཆོས་རྗེའི་ཕྱག་རྟགས་སྤྱི་བོའི་རྒྱན་དུ་ཕེབས་གནང་མཛད་པར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་སྤྱི་སྒོས་བསྟན་པའི་གསོས་སུ་སྐུ་ཚེ་རིང་དུ་འཚོ་ཞིང་། སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས། རྣམས་ཕན་ཚུན་འགྲན་པ་བཞིན་དུ་སྔ་ལྷག་རྒྱས་པའི་སྨོན་འདུན་དུ།འབྲས་བློ་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་སྤྱི་མགྲིན་ནས་ ཕྱི་ལོ་༢༠༡༦ ཟླ་བ་ ༡༢ ཚེས་ ༢༠ ཉིན།
༢༠༡༦།༡༡།༢༡ བོད་ཟླ་༩ ཚེས་༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོ་དང་། དཔལ་ལྡན་འབྲས་སྤུངས་ཕྱག་བཏབ་ནས་མི་ལོ་༦༠༠།འཁོར་བའི་མ་སྒྲིག་ལྷུན་གྱིས་གྲུབ་པའི་དུས་ཆེན་ཁྱད་པར་ཅན་འདི་ལ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་༧གོང་ས༧རྒྱལ་དབང་ཐམས་ཅད་མཁྱེན་པའི་རིགས་ཀྱི་ཅོད་པན༧རྒྱལ་བའི་ཡོངས་འཛིན་གླིང་མཆོག་སྤྲུལ་རྡོ་རྗེ་འཆང་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་མཆོག་གིས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་བྱེ་བའི་གླིང་དུ་བགྲང་བྱ་ཧྲིལ་པོ་ཉི་ཤུ་ལྷག་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད་པའི་འབྲས་རྟགས་སུ་དགེ་བཤེས་ཀྱི་མཚན་གནས་བཞེས་པའི་དུས་བཟང་ཞིག་ཀྱང་ཡིན། དེ་ཡང་སྔ་དྲོར་འབྲས་སྤུངས་ཚོགས་ཆེན་དུ་དགེ་འདུན་པ་རྣམས་འཛོམས་ཏེ་མང་ཇ་ཚོགས་རྗེས་དགའ་ལྡན་ཕོ་བྲང་གི་སྐུ་ཚབ། ཆོས་དོན་བཀའ་བློན་མཆོག འབྲས་སྤུངས་ཚོགས་ཆེན་ཁྲི་པ་རིན་པོ་ཆེ། རྣམ་གྲྭ་མཁན་རིན་པོ་ཆེ། མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན། གནས་ཆུང་སྐུ་བསྟེན། ཀོ་རི་ཡ་མཁན་རིན་པོ་ཆེ། གྲྭ་ཚང་ཁག་གི་མཁན་ལས་ཟུར། ཡོངས་འཛིན་གླིང་ཚང་གི་ཕྱག་མཛོད། ཕྱོགས་ཕེབས་ཀྱི་འབྲེལ་ཡོད་བླ་སྤྲུལ་དང་སྦྱིན་བདག་ཁག འབྲས་སྤུངས་ཚོགས་ཆེན་ཞལ་ངོ་རྒན་ཞོན་སོགས་ཀྱིས་འབྲས་སྤུངས་ཚོགས་ཆེན་ཡང་སྟེང་དགའ་ལྡན་ཕོ་བྲང་ནས༧གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རོལ་མོ་དུང་དང་སྤོས་སྣེས་བསུས་ཏེ་གདན་དྲངས་ནས་ཚོགས་ཆེན་ལ་སྐོར་བ་ཞིག་སྐྱོན་ཏེ་འདུ་ཁང་གི་སྒོ་ཆེན་ནས་གདོང་གྲལ་དཀྱིལ་ནས་ཕེབས་ཏེ་༧རྒྱལ་བའི་ཁྲི་ལ་བཞུགས་སུ་གསོལ་བ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཀྱིས་ཁྲི་ལ་བཞུགས་སུ་གསོལ་བ་དང་། ཚོགས་དབུས་སུ་མང་ཇ་དང་སྐུ་འགྱེད་ཧིན་སྒོར་༥༠༠ རེ་དང་མཇལ་དརབཅས་ཀྱི་བསྙེན་བཀུར་རྒྱ་ཆེར་གྱ་ནོམ་པར་བྱས། ཕྱག་ཚོད་དགུ་པའི་ཐོག་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དུ་སྐྱབས་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་འདུས་མང་སྟོང་ཚོ་བརྒལ་བའི་དབུས་སུ་དམ་འཇོག་མཛད་དེ་མཁས་པ་མགུ་བ་བསྐྱེད་པའི་ལེགས་སྐྱེས་ཀྱིས་མཆོད་སྤྲིན་བསྟར། ཉིན་གུང་མཁས་མང་བློ་གསལ་བྱེ་བའི་གླིང་གི་འདུས་མང་ཡོངས་ལ་ཚོགས་དབུས་སུ་ཉིན་གུང་བཞེས་ལག་དང་དགེ་འདུན་རེ་ལ་སྐུ་འགྱེད་ཧིན་སྒོར་༡༥༠༠། རེ་འབུལ་ལམ་ཞུས་ཏེ་ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེར་མཛད། དེའི་ཕྱི་ཉིན་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གིས་གསོལ་བ་ཕུར་ཚུགས་འདེབས་པ་བཞིན་ཕྱག་ཚོད་བདུན་པའི་ཐོག་དབུ་བཞུགས་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། རང་གཞུང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་བློ་བཟང་སྦྱིན་པ། འབྲས་སྤུངས་ཚོགས་ཆེན་ཁྲི་པ་རིན་པོ་ཆེ། རྣམ་གྲྭ་མཁན་རིན་པོ་ཆེ། གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད། བཀྲ་ཤིས་ལྷུན་པོ། ར་བ་སྟོད་པ་བཅས་ཀྱི་མཁན་ལས་ཟུར་དང་། གྲྭ་ཚང་ཁག་གི་སྐུ་ཚབ། ས་གནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི། འདུས་མང་ཡོངས་ནས་མདོ་ལུགས་དང་འབྲེལ་བའི་བརྟན་བཞུགས་གཟབ་རྒྱས་ཤིག་ཀྱང་འབུལ། དེ་ནས་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་དབུ་བཞུགས་ཐོག་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེས་བགྲང་བྱ་ཉི་ཤུ་ལྷག་རིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་རྒྱ་ཆེར་གནང་བའི་འབྲས་རྟགས་སུ་གྲྭ་ཚང་གིས་དགེ་བཤེས་མཚན་གནས་ཀྱི་ཕྱག་ཁྱེར་གཟེངས་བསྟོད་དང་། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་མི་རྗེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ནས་༧གོང་ས་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་གནང་བའི་ལེགས་སྐྱེས་མཇལ་དར། བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ནས་གཟེངས་བསྟོད་རིན་ཆེན་དང་གཉིས་ལས་གྲུབ་པའི་འཁོར་ལོ་སོགས་ཀྱིས་གཟེངས་བསྟོད་གྱ་ནོམ་པ་འབུལ་བའི་ཐོག དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་། གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག །མི་རྗེ་ཆོས་དོན་བཀའ་བློན། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བཅས་ཀྱི་དགེ་བཤེས་མཚན་རྟགས་དང་འབྲེལ་གསུང་བཤད་རྒྱ་ཆེར་གནང་གྲུབ་རྗེས། སྐུ་མགྲོན་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་དར་སོགས་རིམ་སྒྲོན་ཞུས། …
བོད་རྒྱལ་ལོ་ ༢༡༤༣ བོད་ཟླ་ ༩ ཚེས་ ༦ ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༥ ཉིན་གྱི་སྔ་དྲོར་ཁྲི་ཟུར་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགོན་སྡེ་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་ཕྱག་མཛོད་རྣམ་པ། དམིགས་བསལ་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གཙོས་ས་གནས་འགན་འཛིན་མཆོག་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ལས་བྱེད་རྣམ་པ་བཅས་ནས་དགའ་ལྡན་བླ་སྤྱི་དང་ཁྲི་ཐོག་ཁང་གཉིས་ལ་༧སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་རབས་ ༡༠༣ ལ་མངའ་གསོལ་བའི་ཁྲི་སྟོན་མཛོད་སྒོ་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཟབ་རྒྱས་ཤིག་ཕུལ་གནང་བ་དང་། ཕྱི་ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་སྒོ་བློ་གྲྭ་ཚང་གཉིས་ཀྱི་མཁན་ལས་ཟུར་རྣམ་པ་གཙོས་རྒྱལ་སྲས་བློ་སྤྲུལ་ཁག་དང་དབུ་ཆོས་རྣམ་པ། འདུས་མང་བཅས་ནས་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ཕེབས་སྟོན་མཛད་སྒོ་གནང་བ་བཅས།
གནའ་དེང་གི་གཙུག་ལག་རིག་གནས་ཙམ་དུ་མ་ཟད་ཚན་འཕྲུལ་རིག་རྩལ་སོགས་ལ་གཟིགས་རྒྱ་ཤིན་ཏུ་ཆེ་བའི་འབྲས་བློ་གླིང་ཁྲིམས་བདག་དགེ་བསྐོས། ལྷ་རམ་པ་དམ་ཆོས་རྒྱལ་མཚན་མཆོག༢༠༡༦ / ༡༠/ཚེས་༡༧/རེས་གཟའ་ཟླ་བ་ཉིན། གུང་གསེང་དང་སྟབས་བསྟུན་ནས་མོན་གྷོ་འབྲིང་རིམ་གཏན་ཉིན་སློབ་གྲྭའི་སློམ་མ་རྣམས་ལ་འཛམ་གླིང་སྤྱིའི་བདེ་དོན་དེ་བོད་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གཞུང་ལ་རག་ལས་པ་༧ལྷ་མི་རྣམ་འདྲེན་རྒྱལ་བའི་དབང་པོ་མཆོག་གིས་གསུངས་ཡོད་སྟབས། ང་ཚོའི་བོད་ཀྱི་མ་འོངས་སོན་རྩ་ད་ཡོད་ཀྱི་སློབ་མ་ཚོས་དེའི་ཐོག་ཏུ་བཅོས་མིན་གྱི་འགན་འཁྲི་དམིགས་བསལ་ལེན་དགོས་ཚུལ་དང་འབྲེལ་ཏེ། དེང་དུས་སྤྱི་ཚོགས་སུ་ཡ་རབ་བཟང་སྤྱོད་ཀྱི་དམིགས་དཔེ་ཇི་ལྟར་འཇོགས་དགོས་ཚུལ་ལས་འཕྲོས་ཏེ་གནད་དུ་སྨིན་པའི་དུས་ལས་གཡོ་བ་མེད་པའི་ཆར་ཆུ་ལྟར་ལམ་སྟོན་བཀའ་སློབ་ཟམ་པོ་གནང་ཡོད
༄༅། །ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༡༥ རེས་གཟའ་སྤེན་པའི་དགོང་དྲོར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་འབྲས་ཚོགས་ཡོངས་སུ་གསལ་བསྒྲགས་བསྐྱངས་ཏེ་གྲྭ་ཚང་གི་ཕྱག་མཛོད་ཁང་དང་། རྒྱུགས་ཞིབ་ལྷན་ཁང་ནས་ལེགས་གསོལ་འབུལ་ལམ་ཞུས་ཡོད་ཅིང་། འདི་ལོའི་བློ་གླིང་གྲྭ་ཚང་གི་རྒྱུགས་ཁོངས་སུ་ཞུགས་པའི་ཆ་རྐྱེན་ཚང་བའི་རྒྱུགས་ཞུགས་པ་རྟགས་རིགས་འཛིན་གྲྭ་གཅིག་དང་། ཕར་ཕྱིན་འཛིན་གྲྭ་བདུན། དབུ་མ་འཛིན་གྲྭ་གསུམ། འདུལ་བ་འཛིན་གྲྭ་གསུམ། མཛོད་འཛིན་གྲྭ་གཉིས། གསང་སྔགས་འཛིན་གྲྭ་གསུམ་བཅས་ལ་ཁྱོན་ཡོངས་ཀྱི་གྲངས་འབོར་ ༡༥༡༥ མ་ཟིན་ཙམ་བྱུང་ཡོད་པ་དང་། འཛིན་གྲྭ་ཁྱོན་ཡོངས་ནང་བརྒྱ་ཆ་ ༦༦ ལོན་པའི་ཨང་རིམ་དང་པོ་གྲངས་ ༨༤༡ དང་། བརྒྱ་ཆ་ ༦༥ མན་ཆད་ཨང་རིམ་གཉིས་པ་དང་། གསུམ་པའི་བར་ན་གྲངས་ ༥༠༤ བྱུང་ཡོད། རྩ་བའི་ཆ་ནས་རྒྱུགས་ཚད་མ་ལོན་ ༥༤ བྱུང་ཡོད་པའི་ནང་ནས་བསྐྱར་རྒྱུགས་ཀྱི་བརྒྱ་ཆ་ལོན་པའི་གྲངས་འབོར་མང་བ་བྱུང་ཡོད་པ་དང་། གྲྭ་ཚང་འདི་ཉིད་ཀྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་སྦྱོར་དངོས་མཇུག་གསུམ་འཐུས་སྒོ་ཚང་བ་སྒྲིག་གཞིའི་ལམ་ནས་གཏན་འབེབས་དང་ལག་བསྟར་བྱས་ཏེ། ད་བར་ལོ་ངོ་ ༢༦ ཙམ་འགྲོ་ཟིན་པ་བཅས་ཀྱི་གནས་བསྡུས་སུ།
༼ མྱ་ངན་ཞུ་འཕྲིན ༽ ཕྱི་ལོ་༢༠༡༦ ཟླ་བ་༠༩ ཚེས་༡༩ རེས་གཟའ་ཟླ་བའི་ཉིན། གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁས་པའི་དབང་ཕྱུག་རྗེ་བཙུན་བློ་བཟང་རྒྱ་མཚོ་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཞི་བར་གཤེགས་པར་འབྲས་བློ་གླིང་གྲྭ་ཚང་གི་འདུས་མང་སྤྱི་དང་། གང་ཉིད་ཀྱི་སློབ་བུའི་ཚོགས་བཅས་ལ་གྱོང་གུད་གསུབ་ཏུ་མེད་པ་གཅིག་བྱུང་བར་བློ་ཕམ་ཚད་མེད་སྐྱེ་གཞིར་གྱུར་ཅིང་། སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཟུར་རིན་པོ་ཆེས་གྲྭ་ཚང་འདི་ཉིད་ལ་བསྐྱངས་བའི་བཀའ་དྲིན་གཞལ་དཀའ་བ་རྣམས་འདུས་མང་ཡོངས་ཀྱིས་སྙིང་ལ་བཅངས་ཏེ་མཁན་ཟུར་རིན་པོ་ཆེའི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པ་གྱུར་པར་མི་དང་མི་མིན་སོགས་ཀྱི་བར་ཆད་ཅི་མཆོས་དམིགས་མེད་དུ་ཞི་བར་མཆོག་གསུམ་གསོལ་འདེབས་ཐུགས་སྨོན་མཚམས་སྦྱོར་བཅས།འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཕྱི་ལོ་ ༢༠༡༦ ཟླ་བ་ ༠༩ ཚེས་ ༢༠ ཉིན།
ང་ཚོ་གདན་ས་ཆེན་མོ་འདིར་སློབ་གཉེར་པའི་ཁོར་ཡུག་ངོ་མ་དེ། རིགས་ལམ་གི་ཐོག་ནས་ཡོང་གི་ཡོད་དགོས་པ་ལས། གཏོར་བཅའ་རྔ་རྡུང་གི་ཆོ་ག་ཁོ་ནའི་ལམ་ནས་རིགས་ལམ་རྙེད་མི་སྲིད་ལ། དཔལ་ན་ལེནྜའི་སྟན་པ་དྲི་མ་མེད་པ་ཉིད་འཛིན་མི་ཐུབ་པས། རིགས་ལ་ཉུང་ཕྲི་དང་། བཅོས་བསྒྱུར་གལ་ཆེ་ལ། ང་ཚོས་ཁོར་ཡུག་འདིར་གསར་རྙིང་གི་ལེགས་ཉིས་དག་སྙིགས་དོར་བཅུད་ལེན་བྱེད་དགོས་པ་ལས། དུས་རབས་ཀྱིས་སྒྱུར་པའི་དགོས་མེད་གནའ་སྲོལ་དག་། ཨུ་ཚུགས་བྱས་ན་ཕམ་ཁ་དང་། གྱོང་གུད་ལས་ཅི་ཡང་མི་ཡོང་ལ། མཁས་དབང་དགེ་ཆོས་ཀྱི་དེབ་ཏུ། རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།། གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་བལྟ།། ཞེས་གསུངས་པ་དེ་དྲན་དུས་དགོས་མེད་རྙིང་སྲོལ་འགའ་བཅོས་བསྒྱུར་གཏོང་དགོས་པ་དེ། ད་ལམ་ཡང་ཡང་ཡིད་ལ་དྲན་དགོས་པའི་རྒྱུ་མཚན་གསུངས། ལྷག་ཏུ་གྲྭ་ས་ཆེན་མོ་འདིར། གཞིས་དགོན་གྱི་རང་གཟུགས་ཚོགས་རྐྱང་རྐྱང་འཚོགས་པའི་རྣམ་པ་མ་ཡིན་པར། ཤེས་ཡོན་གྱི་བསྟི་གནས་ཅིག་གི་རྣམ་པ་བསྟན་ཐུབ་དགོས། དེ་ཡང་འཛམ་གླིང་ཤར་ནུབ་ཀྱི་མཁས་པའི་འགྲོས་དང་བསྟུན་ནས། བར་སྐབས་ཆོས་མཚམས་ཁག་ཏུའང་། གཞུང་ཆེན་བཀའ་པོད་ལྔ་སོགས་ཀྱི་བགྲོ་གླེང་གི་རྣམ་པ་སྟེང་ནས་འབུར་དུ་ཐོན་པར་བྱེད་དགོས། ཐ་ན་དགོན་པའི་གཙུག་ལག་ཁང་དང་། ཁམས་ཚན་སོ་སོའི་ཁྱམས་རའི་སྒོའི་ཁ་བྱང་ཚུན་ཆེད་དུ། སློབ་གཉེར་ཁང་ཞིག་ཡིན་པའི་ཚོར་སྣང་སྦྱིན་པའི་ཁ་བྱང་བཀོད་ན། གཞན་གྱི་ཡིད་ལ་དྭངས་བ་འདྲེན་པ་དང་། སྔོན་གྱི་ན་ལེནྜའི་ཚབ་མཚོན་པ་སོགས་བསྟན་པའི་མིག་རྒྱན་དུ་འགྲོ་བར་ཕན་རླབས་ཆེ་ལ། གཞན་དུ་ཆོ་ག་ཙམ་གྱི་འཚོགས་རྐྱང་རྐྱང་འཚོགས་ས་དང་། གཏོར་འཕེན་རྔ་རྡིང་གི་རྣམ་པ་གཅིག་གི་རང་གཟུགས་འདྲ་བསྟན་ནས་བསྡད་ན། ང་ཚོ་གང་ཡང་མི་ཡོང་ལ། མ་ཟད་བླ་མའི་ཆོས་ལུགས་ཅེས་པའི་མིང་ངན་དེའང་ང་ཚོའི་མགོ་ལ་གཡུགས་སྲིད། དེས་ན་ང་ཚོས་བླ་མའི་ཆོས་ལུགས་སུ་མ་སོང་བར། རིགས་པ་ཡང་དག་གི་སྒོ་ནས་སངས་རྒྱས་ཆོས་ལུགས་ངོ་མ་ཡི་རྣམ་པ་ཞིག་འཆང་དགོས་པ་དེ། ཅང་ནས་གལ་ཆེ་བ་རེད་ཅེས་གསུངས་སོང་།།སྤྱི་ལོའི༢༠༡༦ ཟླ་བ་ ༩ ཚེས་ ༡༡ དགུང་མོར།
དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་དང་། སྦེང་ལོར་བོད་ཁྱིམ་སྡོད་ཁང་གཉིས་ཟུང་འབྲེལ་ཐོག་ནང་ཆོས་གོ་རྟོགས་འཕེལ་བའི་ལས་གཞི་གཏན་འབེབས་བྱས་པ་བཞིན། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁས་པའི་དབང་པོ་ལྷ་རམས་པ་ལྷོ་པ་དགེ་བཤེས་ཡེ་ཤེས་ལྷུན་གྲུབ་མཆོག་ཆེད་ཕེབས་གནང་སྟེ། ཟླ་འདིའི་ཚེས་༦་རེས་གཟའ་མིག་དམར་ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་S.t. Joseph College ནང་དུ་ནང་པའི་ལྟ་གྲུབ་སྐོར་གསུང་བཤད་སྐབས་དང་། དགོང་དྲོ་ཆུ་ཚོད་༦།༣༠ ཐོག་བོད་ཁྱིམ་ཚོགས་ཁང་ནང་དུ་སློབ་ཕྲུག་ཡོངས་ལ་སྟོང་ལོ་གསར་པའི་ནང་བླང་དོར་བྱ་ཕྱོགས་སྐོར་བསླབ་བྱ་དང་འབྲེལ་བའི་ཐོག་ནས་གསུང་བཤད་གནང་བཞིན་པ། །
རེས་གཟའ་མིག་དམར་ནས་ཞོགས་པ་གང་ཡིན་ལ་འཛིན་གྲྭ་སོ་སོའི་ཀ་སྡེ་སློབ་ཚན་རྩོད་གཞུང་ཁག་གི་བྲིས་རྒྱུགས་དང་།ཁ་སྡེ་སུམ་རྟགས་རྩ་འགྲེལ་དང་དག་ཡིག་ངག་སྒྲོན། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། རྒྱལ་རབས་ཆོས་འབྱུང་། སྙན་ངག་དང་རྟོགས་བརྗོད་བཅས་བྲིས་རྒྱུགས་ཁག་ལེན་བཞིན་པ་དང་། ཉིན་རྒྱབ་ནས་རྩོད་རྒྱུགས་ལེན་བཞིན་ཡོད བྲིས་རྒྱུགས་ཆ་ཚང་ཚར་བ་ནས་ཞོགས་པ་དང་ཉིན་གུང་། དགོང་མོ་བཅས་སུ་རྩོད་རྒྱུགས་ལེན་བཞིན་པའོ། སྔར་རྒྱུན་བཞིན་འདི་ལོ་ཡང་རྩོད་རྒྱུགས་ཁག་བརྒྱད་དུ་ཆ་བགོས་ཀྱིས་གཙོ་བོར་དཔེ་ཁྲིད་དགེ་རྒན་དང་དགེ་བཤེས་ལྷ་རམས་པ། དེ་བཞིན་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་མཁན་ལྷ་རམས་མཐའ་མའི་འཛིན་གྲྭ་ལས་ཁག་ཅིག་སྟེ། ཁྱོན་བསྡོམས་རྩོད་རྒྱུགས་ཀྱི་ཨང་ཀི་སྤྲོད་མཁན་ཞལ་གྲངས་(༣༢)བསྐོ་གཞག་བྱས་ཡོད་རེད།